༄༅༎རྒྱ་གར་གྱི་བདག་དབང་བྱ་ཡུལ་ཀཤི་མིར་ནང་དེ་རིང་ཁ་ཆེའི་དུས་ཆེན་སྐབས་ཕྱག་ཚལ་སྨོན་ལམ་ཚུགས་པའི་རྗེས་སུ་མང་ཚོགས་ཀྱིས་རྒྱ་གར་གཞུང་གི་དབང་སྒྱུར་ལ་ངོ་རྒོལ་རྔམ་སྟོན་བྱས་པ་ཁ་ཐོར་གཏོང་ཐབས་སུ་བདེ་འཇགས་དཔུང་དམག་གིས་མཁའ་དབྱིངས་སུ་མེ་མདའ་རྒྱབ་པ་དང་མིག་ཆུའི་དུ་རླངས་བཏང་བཞག
གྲོང་ཁྱེར་ཤྲི་ན་གར་དུ་རྒྱ་གར་ཕྱིར་རྒྱུག། ང་ཚོར་རང་དབང་དགོས་ཞེས་སྐད་འབོད་རྒྱབ་མཁན་མི་མང་བརྒྱ་ཕྲག་འགའ་ཤས་བདེ་འཇགས་དཔུང་དམག་དང་གར་དགོས་དཔུང་སྡེས་འགོག་ཐབས་བྱེད་པའི་སྐབས་ཕན་ཚུན་དབར་འཁོན་འཁྲུག་ལངས་ཏེ། ངོ་རྒོལ་བྱེད་མཁན་ཚོས་བདེ་འཇགས་དམག་མིར་རྡོ་དང་ས་སྦག་གཞུས་ཡོད་པའི་སྐོར་འབྲེལ་ཡོད་ས་གནས་དཔོན་རིགས་ཅིག་གིས་བརྗོད་འདུག འོན་ཀྱང་ཕྱོགས་གཉིས་ཀ་ནས་རྨས་སྐྱོན་བྱུང་བའི་གནས་ཚུལ་ད་ལྟ་ཐོན་མི་འདུག།
ཁ་ཆེའི་མི་འབོར་མང་བ་ཡོད་སའི་རྒྱ་གར་གྱི་ཀཤི་མིར་མངའ་ཁུལ་དུ་མང་ཚོགས་ཀྱི་སེམས་ནང་རྒྱ་གར་གཞུང་ལ་མི་དགའ་བའི་གནས་ཚུལ་ཡོད་པ་དང༌། ༡༩༨༩ནས་བཟུང་ཁུལ་དེའི་ནང་ངོ་ལོག་ཤོག་ཁག་བཅུ་གྲངས་འགའ་ཤས་ཡོད་པ་དེ་ཚོས་ཁྱིམ་མཚེས་པ་ཀིསྟན་མཉམ་ཟླ་སྒྲིལ་གཏོང་རྒྱུ་འམ་ཡང་ན་མངའ་ཁུལ་དེ་རྒྱ་གར་འོག་ནས་རང་དབང་ཐོབ་རྒྱུའི་ངོ་རྒོལ་དང་འཐབ་རྩོད་མུ་མཐུད་བྱེད་བཞིན་ཡོད་པར་བརྟེན། ད་བར་མངའ་ཁུལ་དེའི་ནང་ཕལ་ཆེ་བ་ཞི་བའི་ཡུལ་མི་ཐེ་པའི་ཁྱོན་མི་གྲངས་དྲུག་ཁྲི་བརྒྱད་སྟོང་ལྷག་ཙམ་ཞིག་འཐབ་རྩོད་ནང་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།