༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཏའོ་མཆོག་ཉི་ཧོང་གི་གྲོང་ཁྱེར་ཡོ་ཀོ་ཧ་མ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་ཆེས་མཐོའི་ཚོགས་ཆེན་དུ་ཕེབས་དུས་ས་གནས་མི་མང་གིས་རྒྱ་ནག་ལ་མ་དགའ་བའི་ངོ་རྒོལ་ཤུགས་ཆེ་སྤེལ་འདུག གྲོང་ཁྱེར་དུ་འདུ་འཛོམས་གནང་བའི་ངོ་རྒོལ་བ་་༤༠༠༠་ཙམ་གྱིས་ཉི་ཧོང་གི་རྒྱལ་དར་དང་བོད་ཀྱི་རྒྱལ་དར་བསྣམས་ནས་རྒྱ་ནག་ལ་ངོ་རྒོལ་གྱི་འབོད་ཚིག་ཤུགས་ཆེ་བསྒྲགས་ཡོད་པ་དང་ ངོ་རྒོལ་ལས་འགུལ་གོ་བསྒྲིག་ཞུ་མཁན་གྱིས་ཉི་ཧོང་གི་ས་ཁུལ་གྱི་བདག་དབང་དེ་རྒྱ་ནག་གི་བཙན་བཟུང་ལས་སྐྱོབ་པའི་ཆེད་དུ་ངོ་རྒོལ་གོ་བསྒྲིགས་ཞུས་པ་འགྲེལ་བརྗོད་གནང་འདུག ངོ་རྒོལ་བ་གང་ཙམ་ཞིག་གིས་བོད་དང་ཤར་ཀྲཀ་མེ་ནི་སི་ཏན་དང་ ལྷོ་ཕྱོགས་སོག་ཡུལ་གྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གི་བཙན་འཛུལ་རིང་ལུགས་ལ་ཕམ་ཉེས་གཏོང་དགོས་པའི་འབོད་ཚིག་བསྒྲག་ནས་ངོ་རྒོལ་ནང་ཞུགས་འདུག རྒྱ་ནག་དང་ཉི་ཧོང་གཉིས་དབར་མཚོ་གླིང་གི་བདག་དབང་ཐོག་རྩོད་རྙོག་ཡོད་བཞིན་པ་རེད༎