ས་སྐྱའི་ཁྲི་འཛིན་མ་འོངས་བར་ལོ་གསུམ་རེའི་མཚམས་སུ་ཕེབས་རྒྱུ།
2014.12.11

ས་སྐྱའི་ཁྲི་འཛིན་མ་འོངས་བར་ལོ་གསུམ་རེའི་མཚམས་སུ་ཕེབས་རྒྱུ་ཕུན་སྒྲོལ་ཕོ་བྲང་གཉིས་བར་གྲོས་འཆམ་བྱུང་བ་བདག་ཁྲི་མཆོག་གིས་གསུངས་འདུག
དེ་ཡང་དེ་རིང་ཕྱི་ཚེས་༡༡ཉིན་གྱི་སྔ་དྲོ་འཁོན་རིགས་བསྟན་པའི་སྲོལ་བྱེད་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག གནས་མཆོག་ལུམ་བྷི་ནེར་ཚོགས་བཞིན་པའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཕེབས་ནས་མ་འོངས་ས་སྐྱ་པའི་ཁྲི་འཛིན་སྐོར་ལ་གསལ་བསྒྲགས་གལ་ཆེ་ཞིག་གནང་ཡོད་པ་དང་། ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས། ཕུན་སྒྲོལ་ཕོ་བྲང་གཉིས་ཀྱི་གྲོས་ཆོད་ལྟར། མ་འོངས་པར་ས་སྐྱ་པའི་ཁྲི་འཛིན་གནང་མཁན་ཕོ་བྲང་རྣམ་གྱི་གདུང་སྲས་སུ་ལ་ཤེས་ཡོན་ལ་སོགས་པའི་ཆ་རྐྱེན་ཚང་ན་ཁྲི་འཛིན་གནང་ཆོག་པ་དང། ས་སྐྱའི་ཁྲི་འཛིན་ལོ་གསུམ་རེ་གནང་རྒྱུ་དང། དེའི་རྗེས་ཀར་ཀོར་གང་ཡང་མེད་པའི་ཐོག་ནས་བརྗེ་བསྒྱུར་གནང་རྒྱུའི་ཡིག་ཆ་དང། གྲོས་ཆོད་ཡིག་ཆ་དེ་དག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་ཞུས་པར། ༧གོང་ས་མཆོག་ནས་ཐུགས་བརྩེ་ཆེན་པོས་ལེགས་གསོལ་བཀའ་ཡིག་སྩལ་གནང་མཛད་པ་དང། ༧སྐྱབས་རྗེ་ཀླུ་ལྡིང་མཁན་རིན་པོ་ཆེ་དང་། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་རྣམས་གཉིས་ལའང་དགོངས་ཚུལ་རྣམས་ཞུས་ཡོད་པ་དང། ༢༠༡༧ནས་བཟུང་ས་སྐྱའི་ཁྲི་འཛིན་ལོ་གསུམ་རེའི་མཚམས་སུ་གདུང་སྲས་རྣམ་རེ་མོས་གནང་རྒྱུའི་ཐག་གཅོད་དེ་ལག་བསྟར་དངོས་སུ་གནང་རྒྱུ་ཡིན་པ་གསུངས་འདུག
སྐབས་དེར་ཐོག་མར་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས། ས་སྐྱ་པའི་གདུང་རབས་བྱུང་སྟངས་རག་ཙམ་དང། དེ་ནས་བླ་བྲང་བཞི་གྱེས་ཚུལ། ད་ལྟའི་བླ་བྲང་ཁག་གཉིས་པོ་དུས་མཆོད་བླ་བྲང་ནས་བྱུང་ཚུལ་དང། ས་སྐྱ་པའི་བླ་ཆེན་ཁག་ནང་ཕན་ཚུན་དང་དགོན་ཁག་ཕན་ཚུན་ཐུགས་མཐུན་ཁྲིམས་གཙང་ཡོད་པ་དངོས་ནས་གཟི་བརྗིད་ཆེན་པོ་ཡིན་པ་དང། སྤྱིར་ས་སྐྱ་པའི་ཁྲི་འཛིན་བསྐོ་དུས་གདུང་སྲས་སྐུ་ན་བགྲེས་པ་མ་གཏོགས་བསྐོ་བཞག་གནང་སྲོལ་མེད་ནའང། མ་འོངས་པར་ཁྲི་འཛིན་གནང་མཁན་ཐད་ལ་སྐུ་ངལ་འཕྲད་མི་སྲིད་པ་མིན་པས། ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཐོག་མར་དགོངས་ཚུལ་རྣམས་ཕུན་ཚོགས་ཕོ་བྲང་གྱི་གདུང་སྲས་བགྲེས་པ་རྣམས་ལ་ཞུས་པ་དང། རྗེས་སུ་ཨ་རིར་ཕེབས་ཞོར་དུ་མ་འོངས་ཁྲི་འཛིན་ཐད་ཀྱི་གྲོས་གཞི་ཡིག་ཆ་ཞིག་བདག་ཆེན་རིན་པོ་ཆེ་ལ་ཕུལ་བ་དང། དགོངས་ཚུལ་རྣམས་ཞུས་སྟེ། དགོངས་ཚུལ་དང་གྲོས་ཆོད་རྣམས་ངག་ཐོག་གཅིག་པོ་ནས་གནང་ན་ཕན་ཐོག་ཆེར་མེད་པས། ཡིག་ཐོག་ལ་ཕབ་ནས་ཕོ་བྲང་རྣམ་གཉིས་ནས་མཚན་རྟགས་དང་དམ་ཕྲུག་གནང་ཡོད་པའི་སྐོར་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་གསུངས་འདུག
གསར་འགོད་པ་ཀླུ་འབུམ་དང་རིག་ལྡན་སྒྲོལ་མ།