༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་དུས་ཆེན་གང་སར་སྲུང་བརྩི་གནང་འདུག
བོད་མི་གནས་སྡོད་བྱེད་ཡུལ་མང་པོར་གཟའ་མཇུག་དང་བསྟུན་སྤྱི་ནོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་༣༥་འཁོར་པའི་དུས་ཆེན་སྲུང་བརྩི་གནང་འདུག
- 2024-12-16
-
-
-
དེ་ཡང་སྤྱི་ཟླ་༡༢ བའི་ཚེས་༡༠ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་༣༥་འཁོར་པའི་དུས་ཆེན་ཡིན་པ་དང་། བྱང་ཨ་རི་དང་ཡོ་རོབ་སོགས་སུ་བོད་མི་གནས་སྡོད་བྱེད་ཡུལ་མང་པོར་གཟའ་མཇུག་དང་བསྟུན་བོད་མི་ཚོས་དགའ་དད་སྤྲོ་གསུམ་ངང་དུས་ཆེན་སྲུང་བརྩི་གནང་ཡོད་པ་རེད།
ཕྱི་ཟླ་༡༢ པའི་ཚེས་༡༥ གཟའ་ཉི་མ་ཉིན་ཨ་རིའི་ནིའུ་ཡོག་གྲོང་ཁྱེར་དུ་ཡོད་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཕུན་ཚོགས་བདེ་བཞིའི་ཚོགས་ཁང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་༣༥འཁོར་པའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཚོགས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་དང་། ནིའུ་ཡོག་གྲོང་ཁྱེར་གྱི་ས་གནས་གྲོས་ཚོགས་འཐུས་མི་གཙོ་བོར་གྱུར་པའི་དཔོན་རིགས་ཁག་ཅིག་ཕེབས་གནང་ཐོག ས་གནས་ཀྱི་མཁན་བླ་སྤྲུལ་དང་མི་མང་འཛོམས་སར། སྲིད་སྐྱོང་མཆོག་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ན་ཆུང་དུས་བཟུང་ད་བར་བོད་མིའི་མགོན་སྐྱབས་གནང་བའི་བྱུང་རིམ་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་ནས། ལོ་རྗེས་མར་༧གོང་ས་མཆོག་དགུང་ལོ་༩༠ ཕེབས་ཀྱི་ཡོད་པ་བཞིན་བོད་མི་ཚོས་བོད་ཀྱི་མ་འོངས་པའི་གནས་བབས་སྐོར་ལ་ཐུགས་བསམ་བཞེས་དགོས་པ་དང་། ལྷག་དོན་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་དང་འཆམ་མཐུན་གནང་དགོས་པའི་སྐོར་སོགས་ནས་གསུངས་བཤད་གནང་ཡོད་པ་རེད།
དེ་བཞིན་ཚེས་༡༤ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༣༥འཁོར་བའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུངས་བཤད་གནང་སྐབས། ཕ་མ་ཚོས་རང་གི་ཕྲུག་གུ་རྣམས་ལ་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་རིག་གཞུང་སློབ་སྦྱོང་སྤྲོད་དགོས་གལ་ཆེ་བ་སོགས་ཀྱི་ལམ་སྟོན་གནང་བ་དང་། དབྱིན་སྐད་ཐོག་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་པའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་དུ་སུད་སི་ས་གནས་དཔོན་རིགས་དང་། སྤྱི་ཟུར་རྣམ་པ། སུད་སི་བོད་རིགས་མི་མང་ཆིག་སྟོང་ལྷག་མཉམ་ཞུགས་གནང་ཡོད་པའི་སར། སྐུ་མགྲོན་དུ་ཕེབས་པ་སུད་སིའི་(Bülach)་གྲོང་ཁྱེར་གྱི་སྤྱི་ཁྱབ་(Mark Eberli)་ལགས་དང་། ཛུ་རིག་གྲོང་ཁྱེར་གྱི་བདེ་སྲུང་བློན་ཆེན་སྐུ་ཞབས་(Mario Fehr)་ལགས་བཅས་ཀྱིས་གཏམ་བཤད་གནང་ཡོད་པ་རེད། ཛུ་རིག་གྲོང་ཁྱེར་གྱི་བདེ་སྲུང་བློན་ཆེན་མཆོག་གིས། བོད་པ་རྣམས་ལོ་ངོ་དྲུག་ཅུའི་ཡར་སྔོན་ནས་སུད་སི་རྒྱལ་ཁབ་དུ་འབྱོར་བ་རེད། ད་བར་དུ་བོད་མི་ཚོ་ནི་སུད་སི་སྤྱི་ཚོགས་ཀྱི་དམིགས་དཔེ་ལྟ་བུ་གྱུར་ཡོད། དེ་ནི་གཙོ་བོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་ལྟར། བོད་པས་ལག་བསྟར་གནང་ནས་བྱུང་བ་ཞིག་ཡིན། རྒྱ་ནག་དམར་ཤོག་གཞུང་ཡང་དེ་བཞིན་ཉིན་ཞིག་མགོ་གཏིང་སློག་གི་རེད། སྐབས་དེར་ཁྱེད་རང་ཚོར་རང་དབང་ཐོབ་ཀྱི་རེད། ཅེས་སོགས་གཏམ་བཤད་གནང་འདུག
གཞན་ཚེས་༡༤ཉིན་ཁེ་ཎ་ཌའི་གྲོང་ཁྱེར་ཀྲོ་རོན་ཀྲོར་གནས་སྡོད་བོད་མི་ཚོས་སྤྱི་ནོར་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ལོ་ངོ་༣༥འཁོར་བའི་དུས་དྲན་བོད་མིའི་སྤྱི་ཁང་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ནང་དུ་སྲུང་བརྩི་ཞུས་སྐབས། ས་གནས་བོད་མི་དང་སྐུ་མགྲོན་བཅས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་གནང་བ་དང་། སྐུ་མགྲོན་གཙོ་བོར་ཁེ་ཎ་ཌའི་གྲོས་ཚོགས་འོག་མའི་འཐུས་མི་དང་ཁྲིམས་དོན་བློན་ཆེན་སྐུ་ཞབས་(Arif Virani)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ནང་བྱམས་དང་སྙིང་རྗེའི་གོ་རྟོགས་སྤེལ་གནང་མཛད་པ་བརྒྱུད་ནས་འཛམ་གླིང་དུ་ལེགས་སྐྱེས་ཆེན་པོ་ཕུལ་བར་ཆེ་བསྟོད་དང་། འདི་ཟླའི་ཚེས་བཅུ་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་ཁེ་ཎ་ཌ་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཟུར་པ་དང་ད་ལྟའི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཏང་བའི་གནས་ཚུལ་སོགས་གསུངས་ཡོད་པ་རེད།
ཡང་(Etobicoke་ལྟེ་གནས་ཀྱི་དབུས་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་(Yvan Baker)་ ལགས་ཀྱིས་༧གོང་ས་མཆོག་གིས་བོད་མི་ཙམ་མ་ཡིན་པར་འགྲོ་བ་མི་སྤྱི་ལ་ཉིན་རེའི་འཚོ་བའི་ནང་བསམ་བློ་གཏོང་ཕྱོགས་དང་། དྲང་བདེན་བཅས་ལ་ཕན་ཐོགས་བསྐྲུན་པ་བཞིན་ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་བཞིན་ཡོད་པ་སོགས་གསུངས་སོང་།
དེ་མིན་དམིགས་གསལ་སྐུ་མགྲོན་ཨོན་ཏྲེ་རི་ཡོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཞོན་དཀར་པོ་ཆེ་བུ་ཁྲིད་ལགས་ཀྱིས། བོད་མི་ཡོངས་ཀྱིས་མགོན་པོ་གང་ཉིད་ཀྱི་བཀའ་སློབ་གནང་བ་ཁག་བརྩི་སྲུང་དང་ཤར་བསྐྱོད་གནང་དགོས་པའི་ནན་བརྗོད་གནང་བ་དང་། ད་ཐེངས་ཁེ་ཎ་ཌ་དབུས་གཞུང་གིས་རྒྱ་ནག་གཞུང་གི་དཔོན་རིགས་ཁག་ཅིག་ལ་འགྲོ་བ་མིའི་ཐང་ཐང་རྡོག་རོལ་བཏང་བར་ཉེས་ཆད་བཀེལ་དགའ་བསུ་ཞུས་སོང་ལ། བོད་ནང་དུ་རྒྱ་ནག་གི་སྟངས་འཛིན་འོག་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཡིན་པ་ལྟར་ཁེ་ཎ་ཌ་གཞུང་གིས་བོད་དོན་རྒྱབ་སྐྱོར་གནང་དགོས་གལ་ཆེ་བ་སོགས་གསུངས་ཡོད་པ་རེད།
དེ་མིན་སྡེ་ཚན་༢༢པའི་སྐོར་སྲུང་བའི་འགོ་དཔོན་སྐུ་ཞབས་(Jeff Bangild)་ལགས་དང་། ཁེ་ཎ་ཌ་དབུས་གཞུང་གི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་སྐུ་ཞབས་(Congsiglio Dinino)་ལགས་བཅས་ཀྱིས་བོད་དོན་རྒྱབ་སྐྱོད་ཡོད་པའི་གཏམ་བཤད་གནང་ཡོད་པ་རེད།
དེ་མིན་ཀྲོ་རོན་ཀྲོ་ས་གནས་རྒྱལ་སྤྱིའི་དབུ་མའི་ལམ་གྱི་ལས་འགུལ་ཁང་ནས་འདི་ཚེས་བཅུ་ཉིན་དབུ་མའི་ལམ་གྱི་གལ་གནད་དང་འབྲེལ་བའི་སྐོར་ལ་རྩོམ་ཡིག་འགྲན་བསྡུར་གནང་བར་ཨང་རིམ་ལོན་པ་རྣམས་ལ་བྱ་དགའ་དང་། ས་གནས་སུ་ཟས་སྦྱིན་བཏང་སོགས་ཀྱི་ལམ་ནས༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༥ འཁོར་བའི་དུས་ཆེན་སྲུང་བརྩི་གནང་ཡོད་པ་རེད།
ཚེས་༡༣ཉིན་ཨ་རིའི་ཧྥི་ལ་སྒྲ་ཧྥི་ཡར་བོད་མི་ཚོས་སྤྱི་ནོར་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༥་འཁོར་པའི་དུས་ཆེན་སྲུང་བརྩི་གནང་སྐབས། སྲིད་སྐྱོང་མཆོག་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་དབུ་བཞུགས་ཐོག་ས་གནས་མི་མང་ཁྱོན་ཆེ་འདུ་འཛོམས་ངང་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་ས་གནས་བོད་རིགས་ཚོགས་པས་ས་གནས་སུ་ཡུན་རིང་བོད་དོན་ལས་འགུལ་སྤེལ་མཁན་ཐུབ་བསྟན་ཆོས་ཉིད་ལགས་སུ་ཆེ་བསྟོད་བྱ་དགའ་གནང་བ་སྲིད་སྐྱོང་གིས་ཕུལ་ཡོད་པ་རེད།
གཞན་ད་རེས་གཟའ་མཇུག་ཨོསི་ཊརེ་ལི་ཡ་(Australia) ཧྥ་རན་སི། བྷེལ་ཇམ། ཐེ་ཝན། དབྱིུན་ཡུལ། འདི་ག་ཨ་རིའི་རྒྱལ་ས་སོགས་ས་གནས་མང་པོར་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ཐོག་ནས་དགའ་སྟོན་དང་དུས་ཆེན་ལ་རོལ་ཡོད་པ་རེད།
གསར་འགོད་པ། ས་གནས་གསར་འགོད་པ་རྣམ་པའི་གནས་ཚུལ་ཕྱོགས་བསྡུས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།