༧གོང་ས་མཆོག་ལ་ཨ་རིའི་གསེར་གྱི་རྟགས་མ་ཕུལ་བའི་དུས་ཆེན་སྲུང་བརྩི།
2019.10.21
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་གསེར་གྱི་རྟགས་མ་ཕུལ་བའི་དུས་ཆེན་བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་འདུག
དེ་ཡང་ཨ་རིའི་ཤར་ཕྱོགས་(Massachusetts)་མངའ་སྡེའི་གྲོང་ཁྱེར་(Amherst)་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པས་སྤྱི་ཟླ་༡༠་བའི་ཚེས་༢༠་ཉིན། ཨ་རིའི་གྲོས་ཚོགས་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༢༠༠༧་ལོར་སྤྱི་མང་གི་གཟེངས་རྟགས་མཐོ་ཤོས་གསེར་གྱི་རྟགས་མ་འབུལ་བཞེས་གནང་ནས་ལོ་ངོ་བཅུ་གཉིས་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག སྐུ་མགྲོན་གཙོ་བོར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་མཆོག་གདན་ཞུས་ལྟར་ཕེབས་པ་དང་། ཁོང་གིས་ཉེ་ཆར་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཨ་རིའི་༢༠༡༩་ལོའི་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act of 2019)་ཞེས་པ་བཏོན་གནང་ཡོད་པ་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་མ་འོངས་པར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་འདེམས་ཕྱོགས་ཐོག་ཐེ་བྱུས་བྱེད་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པ་དེར་གདོང་ལེན་བྱེད་ཐབས་སུ་དམིགས་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་ལ་ཡང་སྲིད་འདེམས་ཕྱོགས་ཀྱི་ཐག་གཅོད་བྱེད་རྒྱུའི་དབང་ཆ་གང་ཡང་ཡོད་མ་རེད་ཅེས་གསུངས་འདུག
ཡང་ཚེས་༢༠་ཉིན། འདི་ག་རྒྱལ་ས་ཝ་ཤིན་ཀྲོན་མངའ་ཁུལ་དུ་དུས་དྲན་མཛད་སྒོ་ཚོགས་པའི་སྐུ་མགྲོན་དུ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་མཆོག་དང་། ཨ་རིའི་སྲིད་འཛིན་ཟུར་པ་བྷུ་ཤེ་མཆོག་གི་སྐུ་ཚ་མོ་ལྕམ་(Elsie Walkar)་གདན་ཞུས་ལྟར་ཕེབས་ཡོད་པ་རེད།
དེ་བཞིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ ༢༠༠༧ ལོར་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་ཕུལ་ནས་ལོ་བཅུ་གཉིས་འཁོར་བའི་དུས་ཆེན། བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་ཡུལ་གང་སར་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་གནང་ཡོད་པ་རེད།