བོད་ནང་གི་གནས་སྟངས་ཐད་མཁས་པ་ཚོས་དཔྱད་ཞིབ།
2012.01.28
༄༅༎ཨ་རིའི་ཀོ་ལམ་བི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་དེང་དུས་བོད་རིག་པའི་ཞིབ་འཇུག་བསྟི་གནས་ཁང་གི་འགན་འཛིན་ རོའོ་བིའི་ བའ་ཎི་ཌི་ ཡིས་ད་ལྟའི་སྐབས་འདིར་རྒྱ་ནག་གི་གཞུང་འཛིན་དཔོན་རིགས་ཚོས་བོད་མིའི་ཐོག་དྲག་གནོན་བྱེད་ཤུགས་ཆེ་རུ་གཏོང་དགོས་སམ་། ཡང་ན་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཀྱིས་བོད་ལ་རང་དབང་དགོས་རྒྱུ་དང༌། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་དགོས་འདུན་དེ་དག་འགྲུབ་རྒྱུ་གཉིས་དབར་འདེམས་ཀ་བྱེད་མ་ཤེས་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་དཔྱད་པ་གནང་འདུག། ཁོང་གི་གསུངས་ན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་རེ་འདུན་ལ་བསམ་ཤེས་མ་བྱས་པར་མེ་མདས་ལན་སློག་པ་དེས་བོད་མིའི་ངོ་རྒོལ་གཞི་རྒྱ་ཆེ་རུ་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བཞག།
ད་རེས་ལོ་གསར་པ་ཤར་བའི་འགོ་སྟོད་ཀྱི་ཟླ་བ་འདིའི་ནང་བོད་ཀྱི་མགོ་ལོག་དང་གསེར་རྟ། འཛམ་ཐང་དང་བྲག་མགོ། བཅས་ཀྱི་ནང་བོད་མི་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་བ་དེ་ནི། ༢༠༠༨ལོར་བོད་ཀྱི་རྒྱལ་ས་ལྷ་ས་ནས་འགོ་འཛུགས་ཀྱིས་བོད་ས་ཡོངས་ལ་བོད་མིའི་ཞི་བའི་སྒེར་ལངས་རྒྱ་ཁྱབ་ཏུ་བྱུང་བའི་རྗེས་ཀྱི་ངོ་རྒོལ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་རེད།
བོད་མི་ཚོས་རང་ལུས་མེར་བསྲེག་བཏང་ནས་རྒྱ་གཞུང་གི་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གནང་བའི་གནས་ཚུལ་༢༠༠༩ནས་བཟུང་ད་བར་ཐེངས་༡༧ཙམ་བྱུང་ཡོད་པ་ཚང་མས་བོད་ལ་རང་དབང་དང་༧གོང་ས་མཆོག་བོད་ལ་ཆིབས་བསྒྱུར་གནང་དགོས་པའི་འབོད་སྒྲ་གཅིག་མཚུངས་རྒྱབ་ཡོད་པ་དེ་ནས་གཞིས་ལུས་བོད་མིའི་ཕུགས་བསམ་དང་རེ་བ་གསལ་པོ་མཚོན་ཐུབ་རྒྱུ་དང༌། བོད་མི་ཚོ་རྒྱ་མིའི་དབང་འོག་མུ་མཐུད་སྡོད་རྒྱུའི་འདོད་པ་མེད་པའི་སྔོན་བརྡ་ཞིག་ལ་ངོས་འཛིན་བྱེད་དགོས་པར་བོད་གནས་མཁས་པ་ཚོས་དཔྱད་ཞིབ་གནང་བཞག།