༄༅༎དེ་སྔོན་ལོ་གཉིས་གོང་ལ་ཤིན་ཅང་ནང་དུ་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་དེ་རིང་རེས་གཟའ་མིག་དམར་ཉིན་ལོ་གཉིས་འཁོར་བའི་དུས་དྲན་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་རྒྱལ་སྤྱིའི་ཉེས་ཡང་ཚོགས་པས།་རྒྱ་ནག་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད།
དེ་སྔོན་༢༠༠༩ ལོའི་ཕྱི་ཟླ་བདུན་པའི་ཚེས་༥ ཉིན་ཤིན་ཅང་གི་རྒྱལ་ས་ཨུ་རུམ་ཆི་ནང་དུ་ཡུ་གུར་མི་རིགས་དང་རྒྱ་ཧན་མི་རིགས་དབར་རྒྱ་ལམ་ཐོག་དྲག་པོའི་གདོང་ཐུག་ཀྱི་འཐབ་རྩོད་ཀྱི་རྣོ་ངར་བྱས་པ་དང༌། རྒྱ་ནག་གཞུང་འབྲེལ་གྱི་བསྡོིམས་རྩིས་ནང། སྐབས་དེའི་ཟིང་ཆའི་ནང་མི་དམངས་༢༠༠ རྐྱེན་ལམ་དུ་ཕྱིན་པ་དང་མི་ཆིག་སྟོང་བདུན་བརྒྱ་རྨས་སྐྱོན་ཕོག་ཡོད་པའི་སྐོར་བཤད་ཡོད་ཅིང༌། རྒྱལ་ས་ཨུ་རུམ་ཆི་ནང་དུ་བྱུང་བའི་ཟིང་ཆའི་དོན་རྐྱེན་དེ་ཉིན་ཤས་རིང་མུ་མཐུད་བྱུང་བ་དེ་ནི། གཙོ་བོ་རྒྱ་ནག་གཞུང་གིས་ཡུ་གུར་གྲངས་ཉུང་མི་རིགས་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་ཇུས་ལ་ཁོང་ཁྲོའི་རྣོ་ངར་ཆེ་རུ་ཕྱིན་པའི་ཐོག་ནས་བྱུང་བ་ཡིན་ཞིང༌། དེ་ནི་མི་ལོ་བཅུ་ཕྲག་མང་པོའི་རིང་བྱུང་མྱོང་མེད་པའི་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་ནང་དྲག་པོའི་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དང་གནས་སྟངས་སྡུག་ཤོས་ཀྱི་དུས་དྲན་ཞིག་ཡིན་པ་རེད། རྒྱལ་སྤྱིའི་ཉེས་ཡང་ཚོགས་པས་གསུང་ན། ལོ་གཉིས་སྔོན་གྱི་ཤིང་ཅང་གི་དོན་རྐྱེན་དེའི་ཐོག་ནས་ད་དུང་ཡང་མི་བརྒྱ་ཕྲག་མང་པོ་འཛིན་བཟུང་བྱས་པ་མུ་མཐུད་བཀག་ཉར་བྱེད་མུས་ཡིན་པ་དང༌། དོན་རྐྱེན་བྱུང་བའི་རྗེས་རྒྱ་ནག་གཞུང་གིས་ཁྲིམས་བཤེར་བྱེད་ཁུལ་གྱིས་མི་བཅུ་གྲངས་འགའ་ཤས་ཤིག་སྲོག་ཐོག་ཉེས་ཆད་བཏང་བ་དང་ཡང་ན་དངོས་སུ་སྲོག་ཐོག་བཏང་བ། དེ་ལས་མང་བ་ཞིག་ནི་ལོ་མང་པོའི་བཙོན་འཇུག་གི་ཉེས་ཆད་བཏང་བའི་སྐོར་དང། རྒྱ་ནག་གཞུང་གིས་༢༠༠༩ ལོའི་བདུན་པའི་ཚེས་ལྔའི་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་དོན་རྐྱེན་སྐོར་གླེང་སློང་ཙམ་བྱེད་མཁན་ཐོག་བསུན་བཙིར་བཟོ་བ་ཙམ་དུ་མ་ཟད། ཤིན་ཅང་ཕྱི་ཕྱོགས་ཀྱི་ས་འབྲེལ་ས་མཚམས་འཁེལ་ཡུལ་རྒྱལ་ཁབ་ཁག་ལའང་དོན་རྐྱེན་དེའི་སྐོར་གླེང་སློང་བྱེད་མི་ཆོག་པའི་རྒྱ་ནག་གི་གནོན་ཤུགས་སྤྲོད་ཀྱི་ཡོད་པའི་སྐོར་གསུང་ཡོད་པ་རེད།