རྒྱ་ནག་གིས་ནང་ཆོས་ཕྱི་འབྲེལ་སྲིད་བྱུས་སུ་བཀོལ་སྤྱོད་ཀྱིས་ནང་པའི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་སྤྲོད་བཞིན་པའི་ཁྲོད། རྒྱ་གར་གྱིས་སངས་རྒྱས་ཀྱི་རིང་བསྲེལ་ཝེཊ་ནམ་དུ་གདན་ཞུ་གནང་རྒྱུ།

2025.04.30
རྒྱ་ནག་གིས་ནང་ཆོས་ཕྱི་འབྲེལ་སྲིད་བྱུས་སུ་བཀོལ་སྤྱོད་ཀྱིས་ནང་པའི་རྒྱལ་ཁབ་ཁག་ཏུ་ཤུགས་རྐྱེན་སྤྲོད་བཞིན་པའི་ཁྲོད། རྒྱ་གར་གྱིས་སངས་རྒྱས་ཀྱི་རིང་བསྲེལ་ཝེཊ་ནམ་དུ་གདན་ཞུ་གནང་རྒྱུ། དད་ལྡན་པས་སར་ནཐ་གྱི་སངས་རྒྱས་ཀྱི་རིང་བསྲེལ་མཇལ་བཞིན་པ།
Reuters

རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤེ་ཡའི་ནང་པའི་རྒྱལ་ཁབ་ཁག་དང་འབྲེལ་བ་གོང་མཐོར་གཏོང་སླད་ནང་ཆོས་བཀོལ་སྤྱོད་བྱེད་བཞིན་པའི་སྐབས་དང་བསྟུན། རྒྱ་གར་གཞུང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཝེཊ་ནམ་དུ་གདན་ཞུ་གནང་རྒྱུ་རེད་འདུག

རྒྱ་གར་ཝཱ་རཱ་ཎ་སཱིའི་བྱང་ཆུབ་ཆེན་མོའི་ཚོགས་པས་གཅེས་འཛིན་བྱེད་བཞིན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཝེཊ་ནམ་དུ་གདན་ཞུས་ཀྱིས་འཕགས་པ་གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་སྐུ་འཁྲུངས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཚིགས་དང་བསྟུན། མང་ཚོགས་ལ་མཇལ་ཁ་གནང་རྒྱུ་རེད་འདུག

དེ་ཡང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གིས་གསལ་བསྒྲགས་སྤེལ་དོན་ལྟར་ན། རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་མཉམ་སྦྲེལ་གྱིས་རྒྱ་གར་ཝཱ་རཱ་ཎ་སཱིའི་སར་ནཐ་དུ་བཞུགས་སུ་གསོལ་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རིང་བསྲེལ་ཕྱི་ཟླ་ ༤ ཚེས་ ༡ ཉིན་ཝེཊ་ནམ་དུ་གདན་ཞུས་ཀྱིས་ཕྱི་ཚེས་ ༢ ནས་ ༨ བར་མི་མང་ལ་མཇལ་ཁ་གཏོང་རྒྱུ་ཡིན་པ་མ་ཟད། རིང་བསྲེལ་དེ་ཉིད་ཝེཊ་ནམ་ནང་ད་ཐེངས་མཇལ་ཁ་དང་པོ་གནང་གི་ཡོད་པ་བསྒྲགས་འདུག

དེ་འབྲེལ་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ། རྒྱ་གར་དབུས་གཞུང་གིས་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ནང་པའི་རྒྱལ་ཁབ་ཁག་ཏུ་གདན་ཞུས་ཐོག་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་བ་གོང་འཕེལ་གཏང་རྒྱུའི་ལས་གཞི་སྤེལ་བཞིན་ཡོད་པ་ལྟར། ཐེངས་འདིའི་རིང་བསྲེལ་གདན་ཞུ་དེ་ཡང་ལས་གཞི་དེའི་ཆ་ཤས་ཤིག་ཡིན་པ་དང་། དེ་བརྒྱུད་རྒྱལ་ཁབ་དེ་དག་ཏུ་ཡོད་པའི་ནང་པའི་རྗེས་འབྲང་བ་ཚོར་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཀྱི་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་ཕྱི་འབྲེལ་ཐོག་ནས་ཀྱང་མི་མང་གི་བསམ་བློའི་ནང་དུའང་རྒྱལ་ཁབ་གཞན་དེར་དགའ་ཚོར་དང་། གུས་ཞབས། བློ་ཐག་ཉེ་རུ་བཏང་ནས་རྒྱལ་ཁབ་ཕན་ཚུན་འབྲེལ་བ་གོང་མཐོར་གཏང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་དེ་ཉིད་ཕྱི་ཚེས་ ༡ ཉིན་རྒྱ་གར་ནས་རྒྱ་གར་གནམ་དམག་མཁའ་གྲུ་བརྒྱུད་ཝེཊ་ནམ་གྱི་གྲོང་ཁྱེར་ཧོ་ཅི་མིན་དུ་གདན་ཞུ་གནང་རྒྱུ་རེད་འདུག་ལ། སྐབས་དེར་རྒྱ་གར་དབུས་གཞུང་གི་གྲངས་ཉུང་མི་རིགས་གནད་དོན་ཐོག་གི་བློན་ཆེན་ཀི་རན་རི་ཇི་ཇུ་མཆོག་དང་། རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་དྲུང་ཆེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་ལགས་གཙོས་པའི་གནད་དོན་མི་སྣ་ཁག་ཅིག་ལྷན་བཅར་ཞུ་རྒྱུ་རེད་འདུག

གཞི་རྩའི་རྒྱ་ནག་གཞུང་གིས་ནང་ཆོས་ཕྱི་འབྲེལ་སྲིད་བྱུས་སུ་བཀོལ་སྤྱོད་ཀྱིས་ནང་པའི་རྒྱལ་ཁབ་ཁག་དང་འབྲེལ་བ་དམ་དུ་གཏང་རྒྱུའི་འབད་རྩོལ་བྱེད་བཞིན་ཡོད་པ་ལྟར། རྒྱ་ནག་གཞུང་གིས་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་གདན་ཞུ་བྱེད་བཞིན་ཡོད་ལ། ལྷག་པར་ཉེ་ལམ་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༢ ནང་རྒྱ་ནག་དང་ཐའི་ལེནྚ་བར་འབྲེལ་ལམ་བཙུགས་ནས་ལོ་ངོ་ ༥༠ འཁོར་བའི་དུས་ཆེན་སྲུང་བརྩིའི་ཆེད་རྒྱ་ནག་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་རིང་བསྲེལ་ཐའི་ལེནྚ་ནང་གདན་ཞུས་ཀྱིས་ཉིན་གྲངས་ ༧༣ རིང་ཐའི་ལེནྚ་ནང་མི་མང་ལ་མཇལ་ཁ་གནང་རྗེས་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་པ་རེད། དེ་མཚུངས་རྒྱ་གར་གཞུང་གིས་ཀྱང་ཕྱི་འབྲེལ་སྲིད་བྱུས་ནང་ནང་ཆོས་བཀོལ་སྤྱོད་ཀྱིས་ནང་པའི་རྒྱལ་ཁབ་ཁག་དང་འབྲེལ་བ་གོང་མཐོར་གཏོང་ཐབས་གནང་བཞིན་ཡོད་པ་རེད། །

གསར་འགོད་པ། བསྟན་འཛིན་བསྟན་སྐྱོང་། 

རྩོམ་སྒྲིག་པ། བསྟན་འཛིན་པདྨ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎