ཨབ་ག་ནི་སི་ཐན་ནང་གི་དྲག་སྤྱོད་ལས་འགུལ་ཐད་གྲོས་མོལ།
2009.10.26
༄༅༎ར་ཤི་ཡ་དང་རྒྱ་གར་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྣམས་ལྷན་འཛོམས་གནང་ནས་ཨབ་ག་ནི་སི་ཐན་ནང་ཊ་ལི་སྦན་གྱི་དྲག་སྤྱོད་ཀྱི་ལས་འགུལ་དེ་རྒྱ་བསྐྱེད་འགྲོ་བཞིན་པའི་གནད་དོན་དང་ཡུལ་དེ་འཛུགས་བསྐྲུན་བྱ་ཕྱོགས་ཀྱི་གནད་དོན་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད།
རྒྱ་གར་གཞུང་གི་ལས་བྱེད་དང་གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་གོང་ཞུས་ཡུལ་ཁག་དེ་དག་གི་ཕྱི་སྲིད་བློན་ཆེན་རྣམས་ཀྱིས་པ་ཀི་སི་ཐན་ངོས་ནས་ཨབ་ག་ནི་སི་ཐན་གྱི་མངའ་ཁུལ་དེ་ཞི་འཇམ་ཡོང་རྒྱུའི་ཐབས་ལམ་ཇི་འགབ་སྐོར་གྲོས་མོལ་གནང་རྒྱུ་ཡིན་སྐོར་གསུངས་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གནས་སྡོད་གནད་དོན་དབྱེ་ཞིབ་པ་སྐུ་ཞབས་ཨུ་རྡེ་སྦ་སི་ཀར་ཡིས་འབྲེལ་ཡོད་ཡུལ་ཁག་རྣམས་ཀྱིས་ཨབ་ག་ནི་སི་ཐན་གྱི་མངའ་ཁུལ་ནང་དྲག་སྤྱོད་ཀྱི་གནས་ཚུལ་མང་དག་བྱུང་བཞིན་པ་དེར་བློ་འཚབ་གཅིག་མཐུན་ཡོད་པའི་རྣམ་འགྱུར་བསྟན་ཡོད་ཀྱང་རྒྱ་གར་དང་རྒྱ་ནག་བར་པ་ཀི་སི་ཐན་གྱི་དྲག་པོའི་དཔུང་དམག་གི་དེའི་ཐོག་ལས་དོན་སྤེལ་ཕྱོགས་དེ་ག་འདྲ་ཞིག་དགོས་མིན་ཐོག་དགོངས་མཐུན་མེད་སྐོར་གསུངས་འདུག ཡང་ཁོང་གིས་རྒྱ་གར་ངོས་ནས་དེའི་ཐད་རྒྱ་ནག་གིས་པ་ཀི་སི་ཐན་ཐོག་དགོངས་ཕྱོགས་ཇི་ཡོད་དེ་མཁྱེན་འདོད་ཡོད་པ་རེད་ཅེས་གསུངས་འདུག རྒྱ་གར་དང་པ་ཀི་སི་ཐན་ཨབ་ག་ནི་སི་ཐན་ནང་ཐབས་བྱུས་ཀྱི་ཤུགས་རྐྱེན་ཇི་སླེབས་ཐུབ་ཐབས་འབད་བརྩོན་གནང་གི་ཡོད་པ་དང་རྒྱ་གར་གཞུང་ཕྱོགས་ནས་རྒྱ་ནག་གིས་དེའི་ཐད་པ་ཀི་སི་ཐན་གྱི་ཕྱོགས་གཏོགས་བྱེད་ཀྱི་ཡོད་པའི་དགོངས་ཚུལ་ཡོད་པ་རེད། རྒྱ་གར་གཞུང་གིས་ཨབ་ག་ནི་སི་ཐན་གྱི་ཡུལ་འཛུགས་བསྐྲུན་གནང་རྒྱུར་ཨ་རིའི་ཌོ་ལར་འཐེར་འབུམ་གཅིག་དང་གྲངས་ཆུང་གཉིས་ཀྱི་འགྲོ་གྲོན་བཏང་གནང་རྒྱུའི་འཆར་གཞི་ཡོད་ཀྱང་ཡུལ་ནང་ཡོད་པའི་རྒྱ་གར་བའི་མི་སེར་དང་གཞུང་ཚབ་ལས་ཁང་ལ་གཏོར་རྒོལ་གྱི་ཆག་སྒོ་ཕོག་ཡོད་པ་རེད། རྒྱ་གར་གྱི་མི་མང་པོ་ཞིག་གིས་གོང་ཞུས་གཏོར་རྒོལ་གྱི་ལས་འགུལ་དེ་དག་པ་ཀི་སི་ཐན་གྱིས་བྱས་པར་དོགས་པ་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག།