རྒྱལ་སྤྱིའི་ལྷན་ཚོགས་ལ་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ་བ།
2015.10.20

མིས་བཟོས་པའི་དཀའ་ངལ་དེ་དག་མིས་སེལ་ཐབས་བྱེད་དགོས་པ་ལས་སངས་རྒྱས་དང་དཀོན་མཆོག་ལ་སྨོན་ལམ་བཏབ་པ་ཙམ་གྱིས་སེལ་ཐུབ་ཐབས་མེད།
དེ་ཡང་རིང་མིན་ཧྥ་རན་སིའི་རྒྱལ་ས་པེ་རིསི་རུ་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རྒྱལ་སྤྱིའི་ལྷན་ཚོགས་བསྐོང་ཚོགས་གནང་རྒྱུ་ཡིན་པ་དེའི་ཐོག བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་སྩལ་བའི་གསུང་འཕྲིན་གྱི་ནང་། འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་མང་དག་ཅིག་ཡོད་པའི་ཁོངས་ནས་གཅིག་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་ཡིན་ཞིང་། མིས་བཟོས་པའི་དཀའ་ངལ་དེ་དག་མིས་སེལ་ཐབས་བྱེད་དགོས་པ་ལས་སངས་རྒྱས་དང་དཀོན་མཆོག་ལ་སྨོན་ལམ་བཏབ་པ་ཙམ་གྱིས་སེལ་ཐུབ་ཐབས་མེད་པ་བཀའ་གནང་པ་དང་། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱིར་དགུ་ཚིགས་ཀྱི་ཆགས་སྟངས་ཡོངས་རྫོགས་ལ་འགྱུར་བ་འགྲོ་བཞིན་ཡོད་པར་བརྟེན་འཛམ་གླིང་གྲུབ་གཞི་དང་ཉི་མའི་ཆགས་སྟངས་ལ་འགྱུར་བ་འགྲོ་བཞིན་ཡོད་པ་དེ་དག་དང་ཡང་འབྲེལ་ཡོད་སྲིད་པ་གང་ལྟར་འཛམ་གླིང་ནང་གི་ཁོར་ཡུག་ཐོག་གི་མཁས་པ་མང་པོས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་དེ་ནི་ཛ་དྲག་གི་དཀའ་ངལ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་པ་རེད་ཅེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ནི་ཡུལ་གྲུ་བྱེ་བྲག་པ་གཅིག་གཉིས་ཀྱི་གནད་དོན་ཞིག་མིན་པར་འཛམ་གླིང་ནང་འགྲོ་བ་མི་རིགས་ཡོངས་རྫོགས་ཀྱི་བདེ་དོན་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ཡིན་སྟབས། དེ་དག་ལ་གདོང་ལེན་བྱ་རྒྱུའི་ལས་དོན་དེ་ཡང་ཧ་ཅང་གི་ཛ་དྲག་ཅིག་ཡིན་པར་ང་ཚོས་ངོས་ལེན་བྱེད་དགོས་ཀྱི་རེད་ཅེས་བཀའ་གནང་འདུག
ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་མིའི་མཁས་དབང་གཙོས་པའི་འཛམ་གླིང་གི་མཁས་པ་མང་པོས་བོད་ནི་འཛམ་གླིང་གི་སྣེ་གསུམ་པར་འབོད་བཞིན་ཡོད་ཅིང་། འདི་ནི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཞིག་མིན་པར་བོད་ས་མཐོའི་ཁོར་ཡུག་ནི་འཛམ་གླིང་ནང་གི་མི་ཐེར་འབུམ་ལྷག་གི་འཚོ་གནས་དང་འབྲེལ་བ་ཆགས་ཡོད་པ་རེད་ཅེས་དང་། དམིགས་བསལ་རྒྱ་ནག་ནས་པ་ཀིསི་ཐན་བར་རྒྱུགས་བཞིན་པའི་རྒྱུག་ཆུ་ཆེ་ཁག་གི་ཆུ་འགོ་བོད་ལ་ཡོད་ཅིང་། རྒྱུག་ཆུ་དེ་དག་ལ་མི་ཐེར་འབུམ་གཅིག་ཙམ་གྱི་འཚོ་རྟེན་བྱེད་བཞིན་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་སེམས་འཚབ་ཆེན་པོའི་ཐོག་ནས་བསམ་བློ་གཏོང་རྒྱུའི་དུས་ལ་བབས་ཡོད་ལ། བོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་འགྲོ་བཞིན་པ་དེས་ཡུལ་གྲུ་གཞན་གྱི་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་ཡོད་པ་མཁས་པ་ཚོས་བརྗོད་བཞིན་ཡོད་སྟབས་གནད་དོན་འདི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་རེད་ཅེས་བཀའ་གནང་འདུག
མཐའ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུའི་མི་རབས་ཧ་ལམ་རྫོགས་འགྲོ་གི་ཡོད་སྟབས། དུས་རབས་ཉི་ཤུ་རྩ་གཅིག་པའི་གཞོན་སྐྱེས་ཚོས་བོད་ཀྱི་གནམ་གཤིས་སྲུང་སྐྱོབ་ཆེད་དོ་སྣང་ཆེ་ཙམ་བྱེད་དགོས་པའི་བཀའ་སློབ་ཕེབས་འདུག
དེ་བཞིན་དེ་རིང་ཕྱི་ཟླ་༡༠ཚེས་༢༠ཉིན་བཞུགས་སྒར་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་འབྲེལ་ཡོད་མི་སྣ་ཁག་གིས་༧གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ཐོག་དམིགས་བསལ་བསྩལ་བའི་བཀའ་སློབ་བརྙན་འཕྲིན་ལམ་ནས་སྟོན་གནང་བ་དང་ཕྱོགས་མཚུངས་ཕྱི་ནང་གི་གསར་འགོད་པ་རྣམས་ལ་མཐོ་སྒང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་ནས། རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་(COP21)ཚུགས་རྒྱུ་ཡིན་པ་དེའི་སྐབས་ཆེད་ཕེབས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པས་བོད་ཀྱི་ཁོར་ཡུག་གི་གནད་དོན་ངེས་པར་དུ་གླེང་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད་པ་དང།
དེ་བཞིན་རྒྱ་གར་ཁོར་ཡུག་ལས་འགུལ་བ་གྲགས་ཅན་མཁས་དབང་ལྕམ་སྐུ་Dr. Vandana Shivaལགས་ཀྱིས་གསུང་དོན། མཐོ་སྒང་བོད་འདི་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས། བོད་མི་ཚོར་སོ་སོའི་ས་ཆ་རང་སྲུང་བྱ་རྒྱུའི་འགན་དབང་སྤྲད་ཚེ་འཛམ་གླིང་མི་འབོར་ཕྱེད་ཙམ་གྱི་འཚོ་གནས་དང་འབྲེལ་བའི་མཐོ་སྒང་བོད་དེ་བདག་གཅེས་ཡག་པོ་བྱེད་ཐུབ། བོད་ཀྱི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གོ་ལའི་གནམ་གཤིས་ཀྱི་ཚ་དྲོད་འཕེལ་བའི་ཉེན་བརྡ་གཏོང་གནང་མཛད་བཞིན་ཡོད། དེར་བརྟེན་ང་ཚོས་ཐེངས་འདིར་རྒྱལ་སྤྱིའི་དབུ་ཁྲིད་རྣམས་པེ་རིསི་རུ་འདུ་འཛོམས་སྐབས་འཛམ་གླིང་ཡང་སྟེང་གི་གནམ་གཤིས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་ཞུ་དགོས་རྒྱུ་དང། འབོད་སྐུལ་གྱི་ལས་འགུལ་འདིར་རྒྱབ་སྐྱོར་གང་ཐུབ་གནང་དགོས་ཞེས་གསུངས་ཡོད་འདུག
གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྒྱལ་སྤྱིའི་ཚོགས་ཆེ་ཧྥ་རན་སིའི་རྒྱལ་ས་པེི་རིསི་རུ་ཕྱི་ཟླ་ ༡༡ཚེས་༣༠ནས་ཕྱི་ཟླ་༡༢ཚེས་༡༡བར་ཚུགས་ཀྱི་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས་དང་ཕྲེང་རིང་བསྟན་ནོར།