བོད་ནང་ཕར་འགྲོ་ཚུར་ཡོང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་ཡོང་བའི་འབོད་སྐུལ་ལས་འགུལ།
2018.10.17
ཨ་རིའི་རྒྱལ་སར་བོད་མི་ཚོས་ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ནང་ཕར་འགྲོ་ཚུར་ཡོང་རང་དབང་འདྲ་མཉམ་གྱི་གྲོས་འཆར་གཏན་འབེབས་ཡོང་བའི་འབོད་སྐུལ་ལས་འགུལ་སྤེལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༡༡་འཁོར་བའི་དུས་ཆེན་ཉིན་དང་བསྟུན་ནས་འདི་ག་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མས་གཏན་འབེབས་གནང་བའི་(Reciprocal Accessto Tibet)འམ་བོད་ནང་རང་དབང་ཐོག་ནས་འགྲོ་བསྐྱོད་ཆོག་པའི་འདྲ་མཉམ་ཀྱི་ཐོབ་ཐང་དགོས་བའི་གྲོས་གཞི་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་གྱི་ལས་འགུལ་སྤེལ་འདུག
འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་རྟེན་གཞི་གནང་བའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྣེ་ཁྲིད་གནང་སྟེ། འདི་ལོའི་ཕྱི་ཟླ་༩་ཚེས་༢༥་ཉིན་ཨ་རིའི་གྲོས་ཚོགས་འོག་མས་གཏན་འབེབས་གནང་བའི་(Reciprocal Access to Tibet)འམ་རྒྱ་ནག་གི་དཔོན་རིགས་དང་ཚོང་པ་གསར་འགོད་པ་སོགས་ཨ་མེ་རི་ཀའི་ནང་རང་དབང་སྒོ་ནས་འགྲོ་བསྐྱོད་ཆོག་པའི་ཐོབ་ཐང་སྤྲོད་ཀྱི་ཡོད་པ་བཞིན་དུ་ཨ་རིའི་དཔོན་རིགས་དང་། གསར་འགོད་པ་མི་མང་སྤྱི་དང་ལྷག་དོན་དུ་ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་བོད་ནང་རང་གི་ཕ་མ་སྤུན་ཉེ་རྣམས་ལ་ཐུག་འཕྲད་དང་གནས་མཇལ་སོགས་ལ་དམ་བསྒྲགས་མེད་པར་ཕེབས་ཆོག་པའི་གྲོས་གཞི་ཡིན་ཞིང་། ད་ལྟའི་ཆར་རྒྱ་ནག་གཞུང་ཚབ་དང་དོན་གཅོད་ཁང་གིས་
ཨ་རིའི་མི་སེར་ཡིན་པའི་བོད་མི་རྣམས་བོད་ལ་འགྲོ་སྐྱོད་ཀྱི་ཐོངས་མཆན་ལག་ཁྱེར་སོགས་མ་སྤྲད་པར་དཀའ་ངལ་དུ་མ་ཞིག་འཕྲད་བཞིན་པ་དང་། གོང་ཞུས་གྲོས་གཞི་དེ་ཨ་རིའི་གྲོས་ཚོགས་གོང་མས་ཀྱང་གཏན་འབེབས་གནང་ཚེ་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་པའི་རྗེས་སུ་ཁྲིམས་གཞི་ཆགས་ཀྱི་ཡོད་པ་རེད། ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་འོག་མས་གྲོས་གཞི་དེ་གཏན་འབེབས་གནང་བའི་རྗེས་སུ་ཨ་རིའི་གྲོས་ཚོགས་གོང་མའི་
འཐུས་མི་(Marco Rubio)མཆོག་གིས་ལོ་འདིའི་ནང་གོང་ཞུས་གྲོས་གཞི་དེ་ཨ་རིའི་
གྲོས་ཚོགས་གོང་མས་གཏན་འབེབས་གནང་ཐུབ་པ་གནང་རྒྱུ་ཡིན་སྐོར་གསུངས་ཡོད་པ་རེད། རྒྱ་ནག་གཞུང་གིས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་ལ་འབྲེལ་བ་ཞུས་ནས་(Reciprocal Accessto Tibet)ཞེས་པའི་གྲོས་གཞིར་རྒྱབ་སྐྱོར་མ་གནང་རོགས་ཞེས་འབོད་སྐུལ་དང་གནོན་ཤུགས་སྤྲོད་བཞིན་ཡོད་འདུག
ད་ལྟའི་ཆར་གོང་ཞུས་གྲོས་གཞིར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དགུ་ལྷག་གིས་རྒྱབ་སྐྱོར་གནང་ཟིན་འདུག
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།