༧གོང་ས་མཆོག་ལ་རྒྱ་གར་གྱི་སྲིད་འཛིན་དམ་པའི་གཟེངས་རྟགས།
2015.11.11

སྲིད་འཛིན་དམ་པའི་རླབས་ཆེ་བའི་མཛད་པ་དེ་མུ་མཐུད་དེ་བསྐྱང་རྒྱུའི་སེམས་ཤུགས་བསྐྱེད་གལ་ཆེ་བ་༧གོང་ས་མཆོག་གིས་གསུངས་བ།
དེ་ཡང་འདི་ཚེས་༩ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས། རྒྱ་གར་ལྷོ་ཕྱོགས་ཏ་མིལ་ན་དྷུ་མངའ་སྡེའི་རྒྱལ་ས་ཅིན་ནའི་ནང་རྒྱ་གར་གྱི་སྲིད་འཛིན་དམ་པ་ཨབ་དུལ་ཀ་ལམ་(A.P.J Abdul Kalam)མཆོག་གི་རྗེས་དྲན་དུ་ཆེད་འཛུགས་གནང་བའི་Abdul Kalam Seva Ratnaཞེས་པའི་གཟེངས་རྟགས་ཐེངས་དང་པོ་དེ་གསོལ་སྩལ་གནང་རྒྱུ་བྱས་ཡོད་པ་དེ། ཚོགས་ཐོག་ཏུ་༧གོང་ས་མཆོག་ལ་སྲིད་འཛིན་དམ་པ་མཆོག་གི་རྗེས་དྲན་གཟེངས་རྟགས་ཐོག་མ་དེ་འབུལ་བཞེས་གནང་ཡོད་པ་མ་ཟད།
སྐབས་དེར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་བའི་ནང༌། ལོ་རྒྱུས་དང་ལྡན་ཞིང་འཛམ་གླིང་འདིའི་སྒང་ལ། རྣམ་དཔྱོད་ལྡན་པའི་སྐྱེ་བུ་མང་པོ་ཐོན་སའི་རྒྱ་གར་གྱི་ཡུལ་འདིའི་ཉེ་བའི་དུས་རབས་ཀྱི་སྐྱེས་བུ་དམ་པ་ཨབ་དུལ་ཀ་ལམ་དམ་པ་ཁོང་ཉིད་འཚོ་བཞུགས་རིང་ལ་དངོས་གནས་དྲང་གནས་མི་མང་གི་བདེ་རྩའི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་དགོངས་པ་བཞེས་གནང་བ་དང་། དེ་འདྲའི་ལམ་སྟོན་གསལ་པོ་ཞིག་ཡོད་པ་དེ་ཁོང་འདས་ཟིན་པའི་རྗེས་ལ་ཁོང་ལ་མངོན་པར་བསྟོད་ནས་ཁོང་གི་མཛད་པ་ལ་རྗེས་སུ་ཡི་རང་བྱེད་མཁན་ཁྱེད་རང་ཚོས་ཁོང་གི་རླབས་ཆེ་བའི་མཛད་པ་དེ་མུ་མཐུད་དེ་བསྐྱང་རྒྱུའི་སེམས་ཤུགས་བསྐྱེད་དེ། དེ་འདྲའི་ལྷག་བསམ་ལྡན་པའི་བྱས་རྗེས་ཅན་གྱིས་དཀའ་ལས་བརྒྱབ་པ་དེར་ངོས་འཛིན་གསལ་པོའི་ཐོག་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་དང་འབྲེལ་བའི་ཐོག་ནས་རྒྱབ་སྐྱོར་གནང་རྒྱུའི་ལས་འགུལ་ཞིག་དེ་རིང་ངོས་ཀྱིས་འགོ་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་པར་ཧ་ཅང་དགའ་པོ་བྱུང་ཞེས་སོགས་ཀྱི་བཀའ་སློབ་སྩལ་གནང་མཛད་འདུག
ད་ལམ་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོ་དེ་བཞིན་སྲིད་འཛིན་དམ་པ་ཨབ་དུལ་ཀ་ལམ་མཆོག་གིས་འབྱུང་འགྱུར་རྒྱ་གར་གྱི་སྤྱི་ཚོགས་ཡར་རྒྱས་གཏོང་རྒྱུའི་འཆར་སྣང་ལག་བསྟར་ལས་འགུལ་ཚོགས་ཆུང་ཟེར་བ་དང༌། མ་དྷ་ར་སི་འཛིན་སྐྱོང་མཐུན་གྲོགས་ཚོགས་པ་ཟེར་བ་གཉིས་ཐུན་མོང་གིས་གོ་སྒྲིག་གནང་བ་ཞིག་ཡིན་འདུག
གསར་འགོད་པ་ངག་ཆོས།