༧གོང་ས་མཆོག་གི་ཨའོ་སི་ཀྲི་ལི་ཡའི་མཛད་འཆར།
2011.06.07
༄༅༎སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཟའ་འཁོར་རྗེས་མའི་ནང་ཨོ་སི་ཀྲོ་ལི་ཡ་དུ་ཆིབས་བསྒྱུར་སྐབས། ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་ཀྲོ་ནི་ཨེ་སྦོཏ་དང་སྔོ་ལྗང་ཚོགས་པའི་དབུ་ཁྲིད། དེ་བཞིན་རང་དབང་དང་ངལ་རྩོལ་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་སོགས་ཀྱིས་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་ཡོད་པ་མ་ཟད། ༧གོང་ས་མཆོག་ལ་ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་ཀྱིས་ཕེབས་བསུའི་མཛད་སྒོ་ཞིག་གོ་སྒྲིག་ཞུ་གི་ཡོད་པ་དེའི་ཐོག་གཞུང་གི་ཆབ་སྲིད་མི་སྣ་ལྔ་བཅུ་ཙམ་ཚོགས་བཅར་ཞུ་གི་ཡོད་པ་རེད།
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ནས་བཟུང་ཉིན་གྲངས་བཅུ་གཅིག་རིང་ཐོག་མར་ནིའུ་ཛི་ལེན་དྲི་དང་དེ་ནས་ཨོ་སི་ཀྲོ་ལི་ཡ་གཉིས་ནང་མཛད་འཆར་བསྐྱང་གནང་རྒྱུ་ཡིན་ཞིང༌། དེ་རིང་རེས་གཟའ་མིག་དམར་ཉིན་ཨོ་སི་ཀྲོ་ལི་ཡའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཚབ་ཀྲོ་ནི་ཨེ་སྦོཏ་མཆོག་གི་མགྲིན་ཚབ་པས། སྐུ་ཞབས་ཀྲོ་ནི་ཨེ་སྦོཏ་ཡིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གྲོས་ཚོགས་ཁང་དུ་མཇལ་འཕྲད་ཞུ་རྒྱུ་ངེས་གཏན་ཡིན་པ་དང༌། འོན་ཀྱང་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་གྱིས་མཇལ་འཕྲད་ཞུ་རྒྱུ་ད་ལྟ་གཏན་འཁེལ་མེད་པའི་སྐོར་གསུང་ཡོད་པ་རེད། གསར་འགོད་པའི་ཁྲོད་ནས། ཕྱི་ཟླ་ལྔ་པའི་ནང་༧གོང་ས་མཆོག་ཨོ་སི་ཀྲོ་ལི་ཡར་ཆིབས་བསྒྱུར་གནང་རྒྱུའི་གནས་ཚུལ་ཐོན་པའི་སྐབས་སྲིད་བློན་ནས་མཇལ་འཕྲད་ཞུ་རྒྱུ་མིན་པའི་གནས་ཚུལ་གང་ཡང་གསུང་མེད་པའི་སྐོར་མགྲིན་ཚབ་པར་བཀའ་འདྲི་ཞུས་པར། ཁོང་གིས། ཨོ་སི་ཀྲོ་ལི་ཡའི་གཞུང་གི་སྐུ་ཚབ་ནས་གཞུང་འབྲེལ་མིན་པར་སྐུ་སྒེར་གྱི་ཐོག་ནས་༧གོང་ས་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་པ་དང༌། དེ་ཡང་ཨོ་སི་ཀྲོ་ལི་ཡའི་གཞུང་དང་གྲོས་ཚོགས་ཀྱི་འཐུས་མི་ཚོིས་༧གོང་ས་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་ཞུ་རྒྱུ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ལ། ཕྱོགས་འགལ་ཆབ་སྲིད་ཚོགས་པའི་དབུ་ཁྲིད་སྐུ་ཞབས་ཀྲོ་ནི་ཨེ་སྦོཏ་ཡིས་རང་དབང་ཚོགས་པའི་དབུ་ཁྲིད་ཀྱི་ཐུགས་འགན་བཞེས་མ་ཐག་༢༠༠༩ ལོའི་ཕྱི་ཟླ་༡༢ པའི་ནང་༧གོང་ས་ཏྰ་ལའི་བླ་མ་མཆོག་མཇལ་འཕྲད་ཞུས་ཡོད་པ་རེད། སྐབས་དེར་སྲིད་བློན་ཀེ་ལྦིན་རདྲ་ཡིས་རྒྱ་ནག་གི་གནོན་ཤུགས་ལ་མགོ་སྒུར་ཏེ་༧གོང་ས་མཆོག་མཇལ་འཕྲད་མ་ཞུས་པའི་སྐྱོན་བརྗོད་དྲག་པོ་བྱུང་ཡོད་ཅིང༌། རྒྱ་ནག་ཕྱོགས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཁ་བྲལ་གྱི་ལས་དོན་སྤེལ་གྱི་ཡོད་པའི་སྐྱོན་འཛུགས་བྱེད་པར་བརྟེན་ནས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་གི་རྒྱལ་ཁབ་གང་དུ་ཆིབས་བསྒྱུར་བསྐྱང་རུང་རྒྱ་ནག་དང་མགྲོན་བདག་ཡུལ་གྲུ་དབར་གྱི་ཕྱི་འབྲེལ་གྱི་འབྲེལ་ལམ་ཛ་དྲག་ཏུ་འགྲོ་གི་ཡོད་པ་རེད། དེ་རིང་ཨེ་ཨེ་པི་གསར་འགོད་པས། ཨོ་སི་ཀྲོ་ལི་ཡའི་རྒྱལ་ས་ཁེན་སྦེར་ར་ནང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་གནད་དོན་དེའི་སྐོར་འདྲི་རྩད་བྱེད་ཐབས་བྱས་ཀྱང་ལན་འདེབས་བྱེད་མཁན་བྱུང་མེད་ཅིང༌། འོན་ཀྱང་རྒྱ་ནག་ཕྱོགས་ནས་ནུབ་ཨོ་སི་ཀྲོ་ལི་ཡའི་གཞུང་འཛིན་ལ་༧གོང་ས་མཆོག་མཇལ་འཕྲད་ཞུ་མི་ཆོག་པའི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།