༄༅༎བོད་ཀྱི་མཆོད་མེ་དྲ་རྒྱ་གཙོ་གཉེར་གནང་མཁན་ཀུན་མཆོག་ཚོ་འཕེལ་ལགས་རྒྱ་མིའི་ཉེན་རྟོག་མི་སྣས་བོད་ཀྱི་ལོ་གསར་ཚེས་གཉིས་ཕྱི་ཚེས་ཉི་ཤུ་དྲུག་ཉིན་འཛིན་བཟུང་བྱས་འདུག
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཁ་ས་གནས་ཚུལ་སྤེལ་དོན་ལྟར་ན་རྨ་ཆུ་རྫོངས་དངུལ་ར་གྲོང་སྡེ་ནས་ཡིན་པ་མཆོད་མེ་ཞེས་པའི་བོད་ཀྱི་སྐད་ཡིག་དང་བོད་ཀྱི་རིག་གཞུང་དྲ་རྒྱ་གཙོ་གཉེར་གནང་མཁན་ཀུན་མཆོག་ཚེ་འཕེལ་ལགས་ཀྱི་ནང་ཁྱིམ་རྒྱ་མིའི་ཉེན་རྟོག་མི་སྣས་བསྔོགས་བཤེར་དང་རིག་མཛོད་འཁྲུལ་འཁོར་བཙན་འཕྲོག་སོགས་བྱས་པའི་རྗེས་སུ་འཛིན་བཟུང་བྱས་ཏེ་ད་ཆ་ཀན་ནན་ཞེས་པའི་འཛིན་བཟུང་བཀག་ཉར་ཁང་ལ་ཡོད་འདུག ཀུན་མཆོག་ཚེ་འཕེལ་ལགས་ནི་ཕྱི་ལོ་༡༩༧༠ལོར་འཁྲུངས་པ་དང་དངུལ་ར་གྲོང་སྡེའི་ནང་ཡོད་པའི་གཞི་རིམ་སློབ་གྲྭའི་ནང་བོད་ཡིག་དང་རྒྱ་ཡིག་སྦྱང་བཙོན་གནང་པ་དང་དེ་ནས་ཕྱི་ལོ་༡༩༨༩ལོར་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་ནས་སུ་བྱ་བོད་པའི་སློབ་གྲྭའི་ནང་དབྱིན་ཡིག་ལོ་གསུམ་རིང་སྦྱང་པའི་རྗེས་སུ་ཕྱི་ལོ་༡༩༩༤ལོར་བོད་ལ་ཕྱིར་ལོག་གནང་ཡོད་པ་རེད། ཕྱི་ལོ་༡༩༩༥ལོར་ཡང་དོགས་གཞིའི་འོག་ཀུན་མཆོག་ཚེ་འཕེལ་ལགས་རྒྱ་མིའི་ཉེན་རྟོག་མི་སྣས་ཟླ་བ་གཉིས་རིང་འཛིན་བཟུང་བྱས་ཏེ་འདྲི་རྩད་ཚ་ནན་དང་མནར་གཅོད་ཚད་མེད་བཏང་ཡོད་འདུག དེའི་རྗེས་སུ་ཡང་ཁོང་གིས་སློབ་སྦྱོང་མུ་མཐུད་གནང་སྟེ་ཕྱི་ལོ་༢༠༠༥ལོར་བོད་པའི་གཞོན་ནུ་སྙན་ངག་རྩོམ་བྲིས་པ་སྐྱབས་ཆེན་བདེ་སྒྲོལ་ལྷན་དུ་གཙོ་བོ་བོད་ནང་བོད་ཀྱི་སྒྱུ་རྩལ་དང་རིག་གཞུང་སོགས་པ་མི་ཉམས་རྒྱུན་འཛིན་དང་དར་འཕེལ་གནང་ཕྱིར་མཆོད་མེད་ཅེས་པའི་དྲ་གནས་གསར་བཙུགས་གནང་འདུག ལོ་མང་པོའི་རིང་རྒྱ་ནག་གཞུང་གིས་མཆོད་མེ་དྲ་གནས་ལ་དོགས་གཞི་ཆེན་པོ་བྱས་ཏེ་ཕྱི་ལོ་༢༠༠༧ནས་༢༠༠༨བར་སྒོ་རྒྱབ་བཅུགས་ཀྱང་ལས་དོན་མུ་མཐུད་སྤེལ་ཡོད་པ་མ་ཟད་དུས་ད་ལྟའི་ཆར་ཡང་དྲ་རྒྱ་དེ་ལས་ཀ་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག།