ཨ་ཉ་སེང་སྒྲའི་གྱོད་དོན་ཐད་ཁྲིམས་ཐག་གཅོད་སྲིད་པ།


2019.11.26
ཨ་ཉ་སེང་སྒྲའི་གྱོད་དོན་ཐད་ཁྲིམས་ཐག་གཅོད་སྲིད་པ། མགོ་ལོག་དགའ་བདེ་རྫོང་གི་རུལ་སུངས་ངོ་རྒོལ་བ་ཨ་ཉ་སེང་སྒྲ་ལགས།
བོད་འབྱོར།

མགོ་ལོག་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་བོད་མི་ཨ་ཉ་སེང་སྒྲའི་གྱོད་དོན་ཐད་དགའ་བདེ་རྫོང་ཁྲིམས་ཁང་ནས་ཉིན་ཤས་ནང་ཁྲིམས་རྭ་འཚོག་ནས་འདྲི་ཞིབ་ཁྲིམས་ཐག་གཅོད་སྲིད་པ་ཡིན་འདུག

གནད་དོན་འདི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་མགོ་ལོག་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་ཆེས་མཐོའི་ལས་བྱེད་པ་ཞིག་གིས་ཁ་པར་ཐོག་བརྗོད་ཅིང་། མི་དེས་ཨ་ཉ་སེང་སྒྲའི་གྱོད་དོན་དེ་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ནས་དགའ་བདེ་རྫོང་ཁྲིམས་ཁང་ལ་རྩིས་སྤྲོད་བྱས་ཟིན་པ་དང་། ཉིན་ཤས་ནང་ཧ་ལམ་ཁྲིམས་ཁང་གིས་ཁྲིམས་རྭ་འཚོག་ནས་འདྲི་ཞིབ་ཐག་གཅོད་བྱེད་རྒྱུ་ཡིན་པ་བརྗོད་ཅིང་། །ཨ་ཉ་སེང་སྒྲར་ནག་ཉེས་ག་རེ་འཛུགས་ཀྱི་ཡོད་མེད་སྐོར་གྱི་དྲི་བར་ལན་འདེབས་བྱས་མེད་པ་རེད།

དེ་བཞིན་ཟླ་བ་འདིའི་ཚེས་༢༠ཉིན་པོ་ཞོན་རྒྱ་ཡིག་དྲ་བའི་ནང་པེ་ཅིང་དུ་ཡོད་པའི་ཨ་ཉ་སེང་སྒྲའི་རྒྱ་རིགས་ཁྲིམས་རྩོད་པ་ལེན་ཆི་ལོས་སྤེལ་བའི་བསྒྲགས་ཡིག་ཞིག་གི་ནང་། ཨ་ཉ་སེང་སྒྲ་ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་དགུ་བར་འཛིན་བཟུང་བྱས་པའི་རྗེས་སུ་ཁོང་གི་ཁྲིམས་རྩོད་པ་བྱས་ནས་གྱོད་དོན་ཐད་དག་འབུད་བྱེད་བཞིན་ཡོད་པ་བརྗོད་པ་དང་། ཡང་ཁྲིམས་རྩོད་པ་ལེན་ཆི་ལོས་མཚོ་སྔོན་ཞིང་ཆེན་དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ནས་གྱོད་དོན་དེ་སྤྱི་ཚོགས་ནང་འཁྲུག་རྐྱེན་སློང་བའི་ནག་ཉེས་བགྲང་ནས་ནག་འཇོམས་ངན་སེལ་གྱི་ཉེས་འཛུགས་བྱེད་ཐབས་བྱེད་བཞིན་ཡོད་ནའང་།ཨ་ཉ་སེང་སྒྲས་དེར་ངོས་ལེན་མི་བྱེད་པར། །དེ་ནི་ཁོང་གིས་ལོ་མང་རིང་ས་གནས་དཔོན་རིགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་པར་འཁོན་ལན་སློག་ཐབས་དང་།ལྷག་པར་དུ་ཁོང་གིས་སྣེ་ཁྲིད་པའི་མང་ཚོགས་༢༠༠ལྷག་གིས་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་དུ་མུ་མཐུད་དུ་ཞུ་གཏུག་བྱེད་འཆར་སོགས་ལ་བརྟེན་ནས་ཡིན་པའི་བསམ་ཚུལ་བརྗོད་ཡོད་པ་ལུང་འདྲེན་བྱས་འདུག

ཡང་ཁྲིམས་རྩོད་པས་སྤེལ་བའི་གསལ་བསྒྲགས་ནང་།གྱོད་དོན་དེ་དགའ་བདེ་རྫོང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞུ་སྦྱོར་རྟོག་ཞིབ་སྐབས་སུ་ངན་འཇོམས་གྱོད་དོན་དང་སྦྱར་ཡོད་ཚུལ་དང་། ཕྱི་ལོ་༢༠༡༩ལོའི་ཕྱི་ཟླ་༡༠ཚེས་༡༥ཉིན་དགའ་བདེ་རྫོང་ཁྲིམས་ཁང་ནས་དངོས་སུ་ཁྲིམས་རྭ་མ་འཚོག་སྔོན་ཚོགས་འདུ་ཉིན་གྲངས་གསུམ་དང་ཕྱེད་ཀའི་རིང་འཚོགས་ཡོད་ནའང་ད་དུང་ཁྲིམས་རྭ་དངོས་སུ་འཚོག་ཐུབ་མེད་པ་འགྲེལ་བརྗོད་བྱས་འདུག

དེ་སྔོན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན། ཕྱི་ལོ་༢༠༡༨ལོའི་ཕྱི་ཟླ་ ༩ ཚེས་༤ཉིན་དགའ་བདེ་རྫོང་ཉེན་རྟོག་མི་སྣས་མཚོ་སྔོན་མགོ་ལོག་མགྱོགས་ལམ་ཐོག་དགུང་ལོ་༤༧ཡིན་པའི་ཨ་ཉ་སེང་སྒྲ་ཡང་བསྐྱར་འཛིན་བཟུང་བཀག་ཉར་གྱི་ད་ལྟའི་བར་ཁྲིམས་ཞིབ་གང་ཡང་མ་བྱས་ནས་བཞག་ཡོད་པ་དང་།དེའི་རྗེས་སུ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོ་དང་གོང་སྨད་ཡུལ་ཚོ།གངས་ལུང་ཡུལ་ཚོ་བཅས་ཀྱི་མང་ཚོགས་མང་པོ་ནས་མིང་རྟགས་བཀོད་པའི་ཞུ་གཏུག་ཡི་གེ་ཞིག་བྲིས་པའི་ནང་། ཨ་ཉ་སེང་སྒྲ་ནས་ས་གནས་དཔོན་རིགས་ཀྱི་སྤྱི་དངུལ་ཧམ་ཟ་དང་།ཁྲིམས་འགལ་གྱིས་གང་བྱུང་རི་དྭགས་བརྔོན་པ།  ཁོར་ཡུག་ལ་གནོད་འཚེ་སྐྱེལ་བ་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་པའི་རྐྱེན་གྱིས་འཛིན་བཟུང་བྱས་པ་བརྗོད་ཡོད་པས་མ་ཟད།ཁོང་མི་མང་གི་ཆེད་དུ་འཛིན་བཟུང་བཀག་ཉར་བྱས་པ་ལས། རྒྱ་ནག་གི་བཅའ་ཁྲིམས་དང་འགལ་བའི་ལས་དོན་གང་ཡང་སྤེལ་མེད་པའི་དཔེ་མཚོན་མང་པོ་དྲངས་ཡོད་པ་རེད།

ཨ་ཉ་སེང་སྒྲ་ནས་གོང་བརྗོད་ས་གནས་དཔོན་རིགས་ཀྱི་ལྐོག་ཟ་རུལ་སུངས་སོགས་ཀྱི་གནས་ཚུལ་ཐེར་འདོན་བྱས་པར་བརྟེན།སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་༡༢པའི་ནང་འཛིན་བཟུང་གིས་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཆད་བཅད་མྱོང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎