གཅིག་ཤི་གཅིག་རྨས་བྱུང་འདུག

ཀན་ལྷོ་ཀླུ་ཆུ་ནས་ལྷ་སར་ཇོ་མཇལ་ལ་བསྐྱོད་མཁན་བུད་མེད་གཉིས་གཡང་ལ་ལྷུང་ནས་གཅིག་ཤི་བ་དང་། གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག།

2012.07.03

མདོ་སྨད་ཀླུ་ཆུ་ནས་ལྷ་སར་ཇོ་མཇལ་ལ་བསྐྱོད་མཁན་བུད་མེད་གཉིས་ལམ་བར་རྒྱ་ནག་གི་ཉེན་རྟོག་དམག་གི་བཀག་འགོག་ལས་ཡོལ་ཆེད་རི་སྒང་བརྒྱུད་སྐབས་གཡང་ལ་ལྷུང་ནས་གཅིག་ཤི་བ་དང་། གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་འདུག།
བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། མདོ་སྨད་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་ཁོངས་ནས་ཡིན་པའི་བུད་མེད་གཉིས། ཕ་ཡུལ་ནས་རྐང་ཐང་རྒྱུད་ལྷ་སར་ཇོ་བོ་རིན་པོ་ཆེ་མཇལ་བར་བསྐྱོད་ནས་ཉེ་བའི་ཟླ་དྲུག་པའི་ཟླ་དཀྱིལ་ཙམ་ལ་ཆབ་མདོ་བརྒལ་བའི་སྐབས། ལམ་བར་དུ་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོས་ལྷ་སར་བསྐྱོད་མཁན་བོད་མི་ཚོ་བཀག་བསྡོམས་དང་སྔོག་བཤེར་འདྲ་མིན་བྱེད་བཞིན་པ་མཐོང་འཕྲལ། བུད་མེད་ཁོ་གཉིས་ནང་མོས་ཐོག་རྒྱ་ནག་གི་ཉེན་རྟོག་དམག་གི་བཀག་བསྡོམས་ལས་ཡོལ་ཆེད་རི་སྒང་བརྒྱུད་སྐབས་གཡང་ལ་ལྷུང་ནས་གཅིག་གི་ཚེ་སྲོག་ཤོར་བ་དང་། གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་ད་ལྟ་ཕ་ཡུལ་དུ་སྨན་བཅོས་བྱེད་བཞིན་པ་རེད་འདུག།
གནས་ཚུལ་ངོ་སྤྲོད་པས་བོད་ནས་བཤད་པ་ལྟར་ན། གཡང་ལ་ལྷུང་ནས་ཚེ་སྲོག་ཤོར་མཁན་ནི་ཀན་ལྷོ་ཀླུ་ཆུ་ཕྱོགས་ཀྱི་ཐང་ལུང་མདོ་བ་ནས་ཡིན་པའི་རང་ལོ་ལྔ་བཅུ་བརྒལ་བའི་རྣམ་རྒྱལ་མཚོ་དང་། རྨས་སྐྱོན་ཕོག་ཡོད་པ་ཐང་ཁོར་ནས་ཡིན་པའི་ལོ་ན་ལྔ་བཅུ་བརྒལ་བའི་ཨ་མགོན་ཞེས་བ་ཡིན་པ་དང་། དེང་སང་བོད་ནང་དུ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་ཐོག། གོང་བརྗོད་གནས་ཚུལ་ཉེ་བའི་ཆར་བོད་མི་གཉིས་ནས་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་རང་ལུས་མེར་བསྲེགས་བཏང་ནས་ཅང་མ་འགོར་བའི་དུས་སུ་། རྒྱ་ནག་གཞུང་གིས་ལྷ་སར་ཡོང་མཁན་བོད་མི་བཀག་བསྡོམས་དང་དམ་དྲག་ཆེན་པོ་བྱེད་བཞིན་སྐབས་བྱུང་བ་ཡིན་པ་དང་། དེང་སང་བོད་ནང་བོད་མི་ཚོ་དམག་མི་མཐོང་ན་ཉེན་ཡོལ་དང་བྲོས་བྱོལ་དགོས་བའི་གནས་ཚུལ་འདིས་བོད་ནང་གི་དངོས་ཡོད་གནས་སྟངས་མཚོན་ཐུབ་པ་བོད་ནས་ངོ་སྤྲོད་བྱས་བྱུང།
སྤྱིར་དེང་སང་བོད་ཨ་མདོ་དང་ཁམས་ཕྱོགས་ནས་བོད་མི་ཚོ་ལྷ་སར་རྐྱང་ཕྱག་མཚལ་བ་དང་། རྐང་ཐང་བརྒྱུད་བསྐྱོད་མཁན་ཇེ་མང་ལ་འགྲོ་བཞིན་པ་ཡིན་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎