ཨ་རིའི་སྲིད་འཛིན་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ།
2014.02.20
ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་ཕོ་བྲང་དཀར་པོས་གཞུང་འབྲེལ་གསལ་བསྒྲགས་གནང་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་ཨོ་བྷ་མ་མཆོག་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་དང་སང་ཉིན་སྤྱི་ཚེས་༢༡རེས་གཟའ་པ་སངས་ཉིན་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་བ་དང་། ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གི་མགྲིན་ཚབ་མ་Caitlin Haydenལགས་ཀྱིས་གསུངས་དོན། སྲིད་འཛིན་ཨོ་བྷ་མ་མཆོག་གིས་འཛམ་གླིང་སྤྱི་ཚོགས་ཁྲོད་གུས་བརྩི་ལྡན་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། ཨ་མི་རི་ཀས་རྒྱ་ནག་ས་ཁོངས་ཀྱི་བོད་ནང་མུ་མཐུད་གནས་མུས་ཀྱི་ཛ་དྲག་གནས་སྟངས་དང་། ཇེ་ཞན་ཇེ་སྡུག་ལ་འགྲོ་བཞིན་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་སེམས་ཁུར་བྱེད་བཞིན་པ་ཡིན་པས། ཛ་དྲག་གི་གནས་སྟངས་དེ་དག་ཞི་འཇགས་ཡོང་སླད་ང་ཚོས་མུ་མཐུད་རྒྱ་ནག་གཞུང་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གམ་ཁོང་གི་སྐུ་ཚབ་དང་མཉམ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་འབྲེལ་མོལ་བྱེད་དགོས་བའི་ནན་སྐུལ་བྱེད་རྒྱུ་ཡིན་ཅེས་དང་། ད་དུང་མགྲིན་ཚབ་མས་ཨ་མི་རི་ཀས་ཏཱ་ལའི་བླ་མ་མཆོག་གི་གཉིས་ཕན་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་ཡོད་པ་ཡང་གསུངས་འདུག
གསར་འགོད་པ་ཀླུ་འབུམ་བཀྲ་ཤིས།