དམར་ཤོག་ཚོགས་པས་འོས་བསྡུ་དྲང་བདེན་མ་བྱུང་ཟེར།
2013.11.21
བལ་ཡུལ་གྱི་རྒྱལ་ཡོངས་འོས་བསྡུའི་ནང་མའོ་དམར་ཤོག་ཚོགས་པར་ཕམ་ཉེས་བྱུང་བར་ཁོས་འོས་བསྡུ་དྲང་བདེན་བྱུང་མེད་པའི་སྐྱོན་འཛུགས་བྱེད་ཀྱི་ཡོད་འདུག
དེ་ཡང་བལ་ཡུལ་ནང་དེ་སྔ་རྒྱལ་པོས་སྐྱོང་བའི་གཞུང་འཛིན་ལམ་ལུགས་མེད་པ་གྱུར་བའི་རྗེས། ཕྱི་ལོ་ ༢༠༠༨ ལོར་ཡུལ་གྱི་རྩ་ཁྲིམས་གསར་པ་གཏན་འབེབ་བྱེད་མཁན་གྱི་གྲོས་ཚོགས་ཤིག་འོས་འདེམས་བྱས་ཡོད་ཀྱང༌། དེ་སྔའི་གྲོས་ཚོགས་དེ་ཡིས་དུས་ཡུན་སྤྲད་པའི་ནང་ཚུད་རྩ་ཁྲིམས་གཏན་འབེབས་བྱེད་མ་ཐུབ་པར་རང་བཞིན་གྱི་རྩ་འགྲོལ་གཏོང་དགོས་བྱུང་བར་སོང༌། རྩ་ཁྲིམས་གཏན་འབེབས་བྱེད་མཁན་གྱི་གྲོས་ཚོགས་གསར་པ་ཞིག་འོས་འདེམས་བྱ་ཆེད་འདི་ཚེས་ ༡༩ ཉིན་བསྐྱར་དུ་འོས་བསྡུ་བྱས་ཏེ། ད་བར་འོས་ཤོག་གྲངས་བཤེར་བྱས་ཟིན་པའི་ནང་ ཀོང་རེས་ཚོགས་པར་འོས་ཤོག་མང་ཤོས་དང༌། དེ་རྗེས་བལ་ཡུལ་མ་ཁེ་སི་ལེ་ཉིན་དམར་ཤོག་ཚོགས་པར་འཐོབ་རྒྱུའི་རྟགས་མཚན་གསལ་པོ་ཐོན་བཞིན་ཡོད་པ་མ་ཟད། བལ་ཡུལ་རྒྱལ་ས་ཀཐ་མན་གྲུའི་མངའ་ཁུལ་གྱི་འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་འོས་མིའི་ཁོངས་ནས་ མའོ་རྗེས་འབྲངས་ཀྱི་དམར་ཤོག་ཚོགས་པའི་འགོ་འཁྲིད་ Prachanda ལ་འོས་ཤོག་ཉུང་ཤོས་ཐོབ་ཏེ། ཁོ་པ་ངོ་ཚ་ཁ་སྐྱེངས་བྱུང་བར་བརྟེན། ད་ཆ་ Prachanda ཡིས། འོས་བསྡུ་དྲང་བདེན་བྱུང་མེད་པའི་སྐྱོན་འཛུགས་དང་འབྲེལ་འོས་ཤོག་གྲངས་བཤེར་བྱ་རྒྱུ་མཚམས་འཇོགས་ཀྱིས་འོས་བསྡུའི་ལས་དོན་ཐོག་མཐའ་བར་གསུམ་དྲང་པོ་བྱུང་ཡོད་མེད་ཐད་བསྐྱར་ཞིབ་བྱེད་དགོས་སྐོར་ཤོད་ཀྱི་ཡོད་འདུག བལ་ཡུལ་གྱི་གྲོས་ཚོགས་ནང་ཁྱོན་བསྡོམས་འཐུས་མིའི་གདན་གྲངས་དྲུག་བརྒྱ་བཅུ་མེད་གཅིག་ཡོད་པའི་ཁོངས་ནས། ཐེངས་འདིར་མང་ཚོགས་ཀྱིས་འཕང་པའི་འོས་ཤོག་གྲངས་བཤེར་བྱས་ཟིན་པའི་ནང༌། ཀོངྒ་རེས་ཚོགས་པར་འོས་གྲངས་མང་ཤོས་དང༌། ཨང་གཉིས་པར་བལ་ཡུལ་ མ་ཁེ་སི་ལེ་ཉིན་དམར་ཤོག་ཚོགས་པར་ཐོབ་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།