ཧྥ་རན་སུ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན། བྷང་ལ་རྡེ་ཞི་ནང་པ་ཚོས་ཁོང་ཚོའི་ཐོག་ད་ཐེངས་དྲག་རྒོལ་འདི་ལྟར་བྱུང་བ་འདི་ནི་རང་བཙན་ཐོབ་པ་ནས་ད་བར་བྱུང་མ་མྱོང་བའི་དྲག་རྒོལ་ཚབས་ཆེ་ཤོས་ཡིན་པ་བཤད་བཞིན་པ་དང་། དེ་ཡང་གཙོ་བོ་ Cox’s Bazaar ཞེས་པའི་ས་གནས་དེའི་ནང་གཏོར་བསྲེགས་ཀྱི་གནས་ཚུལ་ཚབས་ཆེ་ཤོས་བྱུང་ཡོད། ས་ཁུལ་དེ་གཅིག་པུའི་ནང་ནས་ཁ་ཆེ་མི་གྲངས་ ༡༦༢ འཛིན་བཟུང་བྱས་ཡོད་པ་ཉེན་རྟོག་པའི་དཔོན་རིགས་མཐོ་གྲས་ Khorshed Alam གྱིས་བརྗོད་འདུག ཡང་དེ་མིན་མི་ ༧༦ ཉེ་འཁོར་ Chittagong དང་ མི་ ༣༦ Bandarban ཞེས་པའི་ས་གནས་སོ་སོ་ནས་འཛིན་བཟུང་བྱས་འདུག
ཉེན་རྟོག་པའི་དཔོན་རིགས་དེས་གསར་འགོད་པར་འགྲེལ་བརྗོད་གནང་པར་གཞིགས་ན་ Cox’s Bazaar ཁུལ་གྱི་ནང་པའི་དགོན་པ་ ༡༡ ཡོངས་སུ་མེར་བསྲེགས་བཏང་ཡོད་པ་དང༌། དེ་མིན་དགོན་པ་ ༧ གྱི་ཐོག་བཏོར་བཤིག་འཕྲོག་བཅོམ་སོགས་བྱས་ཡོད་འདུག་ཅིང༌། ཉུང་མཐར་ནང་པའི་མི་རིགས་ཀྱི་སྡོད་ཁང་གྲངས་ ༢༠ ཙམ་མེར་བསྲེགས་བཏང་པ་དང༌། ནང་པའི་མི་རིགས་ཀྱིས་བདག་ཏུ་བཟུང་བའི་ཚོང་ཁང་དང་ཟ་ཁང་བཅུ་ཕྲག་བརྒལ་བར་གཏོར་བཅོམ་བྱས་འདུག།
གཟའ་སྤེན་པའི་མཚན་མོ་ནས་གཏོར་བཅོམ་བསྲེགས་གསུམ་གྱི་ལས་འགུལ་དེའི་ནང་ཁ་ཆེ་མི་གྲངས་ཉིས་ཁྲི་ལྔ་སྟོང་ཙམ་མཉམ་ཞུགས་བྱས་ཡོད་པར་ཚོད་དཔག་བྱེད་བཞིན་ཡོད་ཅིང༌། དྲག་རྒོལ་གྱི་ལས་འགུལ་དེའི་འབྱུང་རྐྱེན་གཙོ་བོ་ནི་ངོ་དེབ་ཐོག་ནང་པ་ཡིན་ཟེར་བའི་མི་ཞིག་གིས་ཁ་ཆེའི་ཀོ་རན་ཆོས་དེབ་ལ་དམའ་འབེབས་བཏང་པ་དང༌། པར་གཅིག་གི་ནང་ཀོ་རན་ཆོས་དེབ་གསང་སྤྱོད་ནང་གཡུག་པ་སོགས་གསལ་བས་བྱུང་བ་དང་། དྲག་རྒོལ་གྱི་ལས་དོན་དེ་གྲོང་ཁྱེར་མི་འདྲ་བ་ལྔ་དང་གྲོང་ཚོ་བཅུ་ཕྲག་མང་པོའི་ནང་འཕེལ་ཡོད་པ་རེད།
ངོ་དེབ་ཐོག་ཀོ་རན་ལ་དམའ་འབེབས་བྱེད་མཁན་དྭོགས་གཞི་ཡོད་པའི་ནང་པའི་མི་དེ་གསང་ཡིབ་བྱས་ཡོད་ཅིང་། ཁོས་ངོ་དེབ་ཐོག་པར་དེའི་རིགས་བཞག་མེད་པ་དང་། མི་གཞན་གྱིས་ཁོ་བོའི་ངོ་དེབ་བེད་སྤྱོད་བྱས་ཡོད་པའི་ཚུལ་བསད་བཞིན་པ་རེད།
ད་ལྟ་གཞུང་ནས་དམག་དཔུང་འགྲེམས་འཇོག་བྱས་ནས་སྲུང་སྐྱོབ་བྱེད་བཞིན་ཡོད་འདུག་ལ་ཉེན་རྟོག་སྤྱི་ཁྱབ་གཞོན་པ་ཕ་རུག་ ཨེཧ་མཏ་ནས། ཟིང་ཆ་འདི་རིགས་ཆེད་མངགས་ནས་སྔོན་ཚུད་ནས་འཆར་གཞི་བྱས་པ་ཞིག་ཡིན་པས་ང་ཚོས་ཉེས་ཅན་སུ་ཡིན་རྩད་གཅོད་བྱས་ནས་ལས་སླ་པོ་བཞག་རྒྱུ་མིན་ཞེས་གསུངས་འདུག བྷང་ལ་རྡེ་ཞི་ནང་མི་གྲངས་བརྒྱ་ཆ་བརྒྱ་བཅུ་ལྷག་ཙམ་ཁ་ཆེའི་ཆོས་བྱེད་མཁན་ཡིན་པ་དང་། ནང་པའི་ཆོས་བྱེད་མཁན་ཕལ་ཆེར་བརྒྱ་ཆ་གཅིག་ཙམ་ལས་མེད་པ་རེད།