ཞི་བདེ་ལྷིང་འཇགས་བྱེད་དགོས་པ་བཙོན་ཁང་ནས་སྐུལ་མ་གནང་འདུག
2014.09.24
ཡུ་གུར་བ་སློབ་དཔོན་Tohtiཡིས་ཡུ་གུར་བ་ཚོར་ཞི་བདེ་ལྷིང་འཇགས་བྱེད་དགོས་པའི་སྐོར་བཙོན་ཁང་ནས་སྐུལ་མ་གནང་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཡུ་གུར་བ་ Ilham Tohtiལ་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་རྗེས་ཤར་ཏུར་ཀི་སི་ཏན་ནང་མང་ཚོགས་ཁྲོད་དྲག་ཟིང་གི་དོན་རྐྱེན་ཡོང་སྲིད་པར་མང་པོས་བློ་འཚབ་བྱེད་བཞིན་པའི་སྐབས་སྐུ་ཞབས་Ilham Tohtiལགས་ནས་ཞི་བདེ་ལྷིང་འཇགས་བྱེད་དགོས་པའི་སྐོར་བཙོན་ཁང་ནས་སྐུལ་མ་གནང་ལུགས་ཁོང་གི་ཁྲིམས་རྩོད་པའི་གསུངས་གནང་འདུག ཨ་རི་དང་ཡུ་རོབ་མཉམ་སྦྲེལ་སྒྲིག་འཛུགས་གཉིས་ནས་རྒྱ་ནག་གིས་ཁོང་ལ་ཚེ་བཙོན་ཁྲིམས་ཐག་བཅད་པར་སྐྱོན་བརྗོད་ཤུགས་ཆེ་བྱས་ཏེ་ཁོང་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་པ་དང་། ཨ་རིའི་སྲིད་འཛིན་མཆོག་ནས་ཀྱང་Ilham Tohtiགཙོས་པའི་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད་པ་གསལ་འདོན་གནང་ཡོད་པ་རེད། ཁོང་གི་ཁྲིམས་རྩོད་པས་བརྗོད་དོན། ད་ལྟ་བཙོན་ཁང་ནང་ཚོུད་༢༤རིང་རྐང་ལྕགས་རྒྱབ་སྟེ་ཉེས་ཅན་བཙོན་པ་དྲུག་དང་མཉམ་དུ་བཙོན་འཇུག་བྱས་ཀྱང་ཁོང་གིས་དཀའ་ངལ་ལ་འཛེམས་མེད་ཀྱིས་སྙིང་སྟོབས་ཞུམ་རྒྱུ་མིན་པའི་ཡིད་ཆེས་གསལ་འདོན་གནང་པ་དང་། ལྷག་པར་དུ་ཤར་ཏུར་ཀི་སི་ཐན་ནང་དྲག་ཟིང་གི་གནས་སྟངས་མི་ཡོང་བའི་སླད། ཞི་བདེ་ལྷིང་འཇགས་སུ་གནས་དགོས་པའི་སྐོར་མང་ཚོགས་ལ་སྐུལ་མ་གནང་གི་འདུག་ཅེས་གསུངས་འདུག
ཕྱི་ཚེས་༢༣ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོང་ཀེ་རིས་མཆོག་གིས་མཚན་ཐོག་ནས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཡུ་གུར་སློབ་དཔོན་ཨི་ཧང་ཏོི་ཀྲིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དེས་ཨ་མི་རི་ཀ་ལ་ཧ་ཅང་མི་བདེ་བ་ཞིག་བཟོས་ཡོད། ཞི་བའི་ཐོག་ནས་གཞུང་དང་ལྟ་བ་མ་མཐུན་པ་དེ་ནི་ནག་ཉེས་ཤིག་མ་རེད། ཨི་ཧང་ཏོ་ཌི་ལ་གདུག་རྩུབ་ཆེན་པོས་ཁྲིམས་ཐག་བཅད་པ་དེ་ནི་ཁོང་གིས་རྒྱ་ནག་གི་ཡུ་གུར་གྲངས་ཉུང་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ཞི་བའི་ལམ་ནས་གོང་སྤེལ་གཏོང་ཐབས་ལ་དགྲ་ཤ་ལེན་པ་ཞིག་མཐོང་གི་ཡོད་ཅེས་དང་། ཨི་ཧ་ཀྲོ་ཏིས་ཀྱིས་ཡུ་གུར་མི་རིགས་དང་རྒྱ་ཧན་མི་རིགས་ཐུན་མོང་གི་གྲོས་མོལ་ཐོག་ཞི་བའི་ལམ་ནས་གོ་ཤེས་ཡོད་པའི་ཐོག་ནས་མཛའ་བརྩེ་དང་ཆིག་སྒྲིལ་བཟོད་སེམས་གསོ་སྐྱོང་མཁན་ཞིག་ཡིན་པ་འཛམ་གླིང་ཐོག་ཡོངས་གྲགས་སུ་གྱུར་ཡོད།
ཨི་ཧ་ཀྲི་ཏིས་དང་ཁོང་འདྲ་བ་ཚོ་ནི་ཤིན་ཅང་ནང་དྲག་ལས་དང་ངོ་རྒོལ་ཡོང་རྐྱེན་གྱི་གནད་དོན་གཙོ་བ་ཁག་སེལ་ཐབས་ལ་མེད་དུ་མི་རུང་བ་ཞིག་རེད། དེ་འདྲའི་མི་སྣ་ལ་ཚད་ལས་བརྒལ་བའི་རྒོལ་རྡུང་བཏང་བ་དེས་ཛ་དྲག་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་རེད་ཅེས་བརྗོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ་དང་རྡོ་རྗེ་དགྲ་འདུལ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་གསན་རོགས༎
གསར་འགོད་པ་རྡོ་རྗེ་དགྲ་འདུལ།
གསར་འགོད་པ་ལྕགས་མོ་འཚོ།