ཁྲིམས་ཐོག་ནས་ནག་ཉེས་བཙུཊ་དང་དེར་སྐྱོན་བརྗོད།
རྒྱ་ནག་གཞུང་གིས་ཡུ་གུར་པ་སྐུ་ཞབས་Ilham Tohtiལ་ཁྲིམས་ཐོག་ནས་ནག་ཉེས་བཙུགས་པ་དེར་སྐྱོན་བརྗོད་བྱས་འདུག
-
2014-02-26 -
-
-
རྒྱ་ནག་གཞུང་གིས་ཡུ་གུར་པ་སྐུ་ཞབས་Ilham Tohtiལ་ཁྲིམས་ཐོག་ནས་ནག་ཉེས་བཙུགས་པ་དེར་སྐྱོན་བརྗོད་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་དཔལ་འབྱོར་རིག་པ་བ་སྐུ་ཞབས་Ilham Tohtiཉེ་ལམ་འཇུ་བཟུང་དང་། ཁྲིམས་ཐོག་ནས་ནག་ཉེས་བཙུགས་པ་དེར་འཛམ་གླིང་ཡུ་གུར་ལྷན་ཚོགས་དང་གཞན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་སྐྱོན་བརྗོད་བྱས་འདུག སྐུ་ཞབས་Ilham Tohti ལགས་ནི་པེ་ཅིན་གཙུག་ལག་སློབ་གྲ་ཆེན་མོའི་ནང་གི་དཔལ་འབྱོར་རིག་པའི་སློབ་དཔོན་ཞིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱོན་བརྗོད་གནང་མཁན་གཙོ་བོ་ཞིག་ཡིན་པ་རེད། སྐུ་ཞབས་Ilham Tohtiལགས་ཀྱི་བཟའ་ཟླས་ཧྤ་རེན་སི་གསར་ལས་ཁང་ལ་བརྗོད་པ་ལྟར་ན། ཁོང་ནི་དགེ་རྒན་ཞིག་ཡིན་པ་དང་། རྒྱ་ནག་གིས་དེ་འདྲའི་བྱ་སྤྱོད་སྤེལ་ཡོད་ལུགས་ཁོང་ལ་ཉེས་འཛུགས་བྱེད་ཀྱི་ཡོད་པར་རྩ་བ་ནས་ངོས་ལེན་བྱེད་ཐབས་མེད་ཅེས་དང་། རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་ནས་Ilham Tohtiལགས་སུ་ཁྲིམས་ཐོག་ནས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་བཙུགས་བྱས་ཡོད་པ་དང་། གལ་ཏེ་ནག་ཉེས་ར་འཕྲོད་བྱུང་ཚེ་སྲོག་ཐོག་གི་ཉེས་ཆད་ཕོག་སྲིད་པ་ཡིན་འདུག
དེའི་ཐད་བཙན་བྱོལ་དུ་གནས་པའི་ཡུ་གུར་འཛམ་གླིང་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་ནས་Ilham Tohtiལ་རྒྱལ་ཁབ་ཁ་བྲལ་གཏོང་བའི་ནག་ཉེས་བཙུགས་པ་དེ་ནི། གཞུང་དང་ལྟ་སྤྱོད་མི་མཐུན་པའི་བསམ་ཚུལ་འཛིན་མཁན་ཞིག་ལ་མ་ཉེས་ཁ་གཡོག་བྱས་པ་ཞིག་ཡིན་པ་དང་། ཁོང་གློད་བཀྲོལ་ཡོང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག ཨ་རིའི་ནང་རྟེན་གཞི་བྱས་པའི་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཚོགས་པ་ནས་ཀྱང་། རྒྱ་ནག་གཞུང་ནས་ཡུ་གུར་བ་Ilham Tohtiལགས་སུ་ཁྲིམས་ཐོག་ནས་ནག་ཉེས་བཙུགས་པ་དེ་བཞིན་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རིགས་ལ་རྒྱ་ནག་གཞུང་ནས་བཟོད་བསྲན་སྤུ་ཙམ་མེད་པའི་རྣམ་པ་གསལ་འདོན་ཡིན་པར་སྐྱོན་བརྗོད་བྱས་པ་དང་སྦྲགས་ཁོང་ད་ལྟ་གར་ཡོད་ཀྱི་གནས་ཚུལ་ཕྱིར་བསྒྲགས་དགོས་སྐོར་གླེང་ཡོད་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།