སྲིད་འཛིན་ཟུར་བས་ཕེབས་བསུ་གནང་།

༸གོང་ས་མཆོག་ནས་མེཀ་སི་ཀོ་སི་ཊི་ནང་ཡོད་པའི་ཨེ་རི་ན་ཀིའོ་ཌ་ཌི་མེག་སི་ཀོ་ ཞེས་པའི་ཚོགས་ཁང་དུ་མང་ཚོགས་ལ་ལམ་སྟོན་བཀའ་སློབ་སྩོལ་བཞིན་པ།
༸གོང་ས་མཆོག་ནས་མེཀ་སི་ཀོ་སི་ཊི་ནང་ཡོད་པའི་ཨེ་རི་ན་ཀིའོ་ཌ་ཌི་མེག་སི་ཀོ་ ཞེས་པའི་ཚོགས་ཁང་དུ་མང་ཚོགས་ལ་ལམ་སྟོན་བཀའ་སློབ་སྩོལ་བཞིན་པ། (ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། དཔལ་ལྡན་རྒྱལ།)

༧གོང་ས་མཆོག་མེཀ་སི་ཀོ་རྒྱལ་ཁབ་ཀྱི་Hacienda San Cristobal རུ་ཞབས་སོར་འཁོད་སྐབས་གནམ་ཐང་དུ་མེཀ་སི་ཀོའི་སྲིད་འཛིན་ཟུར་བ་སྐུ་ཞབས་ Vicente Fox དང་ཁོང་གི་ལྕམ་གཉིས་ཆེད་བཅར་གྱིས་ཕེབས་བསུ་གནང་འདུ

དེ་ཡང་སྐབས་དེར་ཁུལ་དེའི་གནམ་ཐང་དུ་ས་གནས་དེའི་སློབ་ཕྲུག་དང་མི་དམངས་བརྒྱ་ཕྲག་མང་པོ་དང་། མེཀ་སི་ཀོའི་སྲིད་འཛིན་ཟུར་བ་སྐུ་ཞབས་ Vicente Fox དང་ཁོང་གི་ལྕམ་ Marta Sahagun རྣམ་གཉིས་ཆེད་བཅར་གྱིས་གནམ་ཐང་ནས་གྲོང་ཁྱེར་ནང་ལྷན་བཅར་ཞུས་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལག་ལེན་གྱི་སྙིང་རྗེ་ཞེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་གནང་མཛད་རྒྱུ་ཡིན་ཞིང་། ད་རེས་ས་གནས་འདིའི་ནང་གི་ཆིབས་བསྒྱུར་དང་མཛད་འཆར་ཁག་མེཀ་སི་ཀོའི་སྲིད་འཛིན་ཟུར་པ་སྐུ་ཞབས་ Vicente Fox ལྟེ་གནས་ཁང་ནས་གོ་བསྒྲིགས་ཞུས་པ་ཞིག་ཡིན་པ་རེད།

དེ་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལྟེ་གནས་ཁང་དེར་ཞབས་སོར་འཁོད་སྐབས་ སློབ་ཕྲུག་ཉིས་བརྒྱ་སྐོར་ཞིག་གིས་དུས་རབས་བཅུ་དགུ་པའི་ནང་མེཀ་སི་ཀོའི་རོལ་དབྱངས་རྩོམ་པ་པོ་གྲགས་ཅན་ Quirino Mendoza y Cortés ཞུ་བས་བརྩམས་པའི་ Cielito Lindo འམ་མཛེས་སྡུག་ལྡན་པའི་ཞིང་ཁམས་ཞེས་པའི་རོལ་དབྱངས་གླུ་གཞས་ཕུལ་བའི་ཐོག་ནས་དགའ་བསུ་ཞུས་ཡོད་འདུག

ཕྱི་ཚེས་ ༡༦ ཉིན་ བདེ་སྐྱིད་ཀྱི་སྒྱུ་རྩལ་ཞེས་པའི་བརྗོད་གཞིའི་སྒོ་ནས་ Zacatecas ཟེར་བའི་མེཀ་སི་ཀོའི་གྲོང་ཁྱེར་གཞན་ཞིག་གི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩལ་རྒྱུའི་མཛད་འཆར་ཡོད་པ་རེད།