གསར་འགོད་པར་སྡིག་ར།
2013.06.12

༄༅། །རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་འགྲེལ་བརྗོད་གནང་གསལ་ལྟར་ན། ཟླ་བ་སྔོན་མའི་ཚེས་ ༣༠ ཉིན་ France 24 ཞེས་པའི་བརྙན་འཕྲིན་ནས་བོད་ནང་ཉིན་གྲངས་བདུན་ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཏོན་པའི་རྗེས་སུ་རྒྱ་ནག་གཞུང་ཚབ་ཁང་ནས་གསར་འགྱུར་ལས་ཁང་དེའི་འགོ་ཁྲིད་དང་ལྷག་པར་དུ་བརྙན་པར་རྒྱག་མཁན་དེར་སུན་གཙེར་དང་། སྡིག་ར་བསྐུལ་བཞིན་ཡོད་འདུག ད་རེས་རྒྱ་ནག་གཞུང་ཚབ་ཁང་གི་བྱ་སྤྱོད་འདི་འདྲ་ཞིག་སྤེལ་དགོས་དོན་ནི། རྒྱ་ནག་གཞུང་ཕྱོགས་ནས་བོད་ནང་གནས་ཚུལ་མཁོ་སྒྲུབ་ཆེད་ཕྱིའི་ཡུལ་གྲུ་ཁག་གི་གསར་འགོད་པ་གཏོང་རྒྱུར་དམ་བསྒྲགས་བྱེད་ཀྱི་ཡོད་ཀྱང་། གོང་དུ་ཞུས་པའི་ཕ་རན་སིའི་བརྙན་འཕྲིན་ལས་ཁང་དེའི་གསར་འགོད་པ་ Cyril Payen ཞེས་པ་དེས་བོད་ནང་བསྐྱོད་རྒྱུའི་ཆེད་ཝི་ས་ཐོབ་ཡོད་ཀྱང་། དངོས་སུ་པར་བརྒྱབ་རྒྱུར་དགག་བྱ་བྱེད་ཀྱི་ཡོད་དུས་ཁོང་གིས་གསང་བའི་ཐོག་ནས་པར་བརྒྱབས་པ་དང་། བོད་མི་ཁག་ཅིག་ལ་ལྷ་སའི་ནང་བཅར་འདྲི་བྱས་ནས་བོད་ནང་ཉིན་མ་བདུན་ཞེས་པའི་གློག་བརྙན་བཟོ་བཀོད་དང་འབྲེལ་ཕྱི་བསྒྲགས་བྱས་ཡོད་པ་དེ་ནི་བོད་ནང་དངོས་ཡོད་གནས་སྟངས་ག་འདྲ་ཡོད་མེད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཚོས་བོད་མིའི་རིག་གཞུང་རྩ་མེད་བཟོ་ཡི་ཡོད་ལུགས་གསུང་བཞིན་པ་དེ་ར་འཕྲོད་ཐུབ་པ་ཞིག་ཀྱང་ཆགས་ཡོད་པ་རེད། དེ་འདྲའི་གནས་སྟངས་འོག་རྒྱ་ནག་གཞུང་ཁ་སྐྱེངས་པོ་ཆགས་ཡོད་པའི་དབང་གིས་འདི་ཚེས་གསུམ་ཉིན་གོང་ཞུས་གསར་འགོད་པ་པ་ཡན་པེ་རི་སི་ནས་བྷེང་ཀོག་ལ་ཐོན་གྲབས་གནང་བའི་སྐབས། གློ་བུར་ཕ་རན་སིའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ནས་ཁོ་པ་ཐུག་དགོས་ལུགས་བཤད་ཡོད་ཀྱང་ཁོང་མེད་པའི་སྐབས་བརྙན་འཕྲིན་ཚན་པ་དེའི་སྤྱི་ཁྱབ་དང་ཐུག་ནས་ཆུ་ཚོད་གཉིས་ཙམ་རིང་དངོས་ཡོད་གནས་སྟངས་མིན་པའི་འཁྱོག་བཤད་བྱས་ཡོད་ལུགས་ཉེས་བཙུགས་བྱས་ནས་མཐའ་མ་གློག་བརྙན་དེ་དག་དྲ་རྒྱའི་ནང་ནང་མེད་པ་བཟོ་དགོས་ལུགས་སྡིག་ར་བསྐུལ་ཡོད་པ་རེད། དེ་ནས་གསར་འགོད་པ་པེ་ཡན་བྷེང་ཀོག་ལ་འབྱོར་བའི་རྗེས་སུའང་རྒྱ་ནག་གཞུང་ཚབ་ཁང་ནས་ཁ་པར་ཐོག་ནས་ཉེན་བརྡ་དང་སྡིག་ར་སྐུལ་བའི་ཚིག་བརྗོད་བྲིས་བཀོད་བྱས་ཡོད་པ་གང་ལྟར་རྒྱ་ནག་གཞུང་ནས་དངོས་ཤུགས་བརྒྱུད་གསུམ་ནས་གསར་འགོད་པར་སྡིག་ར་སྐུལ་བའི་བྱ་སྤྱོད་དེ་ནི་རྒྱ་ནག་ནང་རྒྱུན་གཏན་ལམ་སྲོལ་ཞིག་ཡིན་རུང་ཕྱིའི་རྒྱལ་ཁབ་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ལ་བྱ་སྤྱོད་འདི་རིགས་སྤེལ་བ་ཡིན་ན་དེ་ནི་ཤིན་ཏུ་མ་རབས་དང་། ཁྲིམས་འགལ་གྱི་བྱ་སྤྱོད་ཡིན་སྟབས། ཕ་རན་སིའི་གཞུང་ནས་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཚོར་འདི་རིགས་བཟོད་ཐབས་མེད་ལུགས་ནན་པོ་ངོ་སྤྲོད་བྱེད་དགོས་ཀྱི་འདུག་ཅེས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་སྐྱོན་བརྗོད་དང་འབྲེལ་འབོད་སྐུལ་ཞུས་གནང་ཡོད་པ་རེད།།