དྲུག་བཞི་ལ་ཉེ་བར་རྒྱ་ནག་གིས་དམ་དྲག་དང་འཇུ་བཟུང་།
2014.06.02
རྒྱ་ནག་གི་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་དྲན་གསོའི་ཉིན་མོ་སླེབས་ལ་ཉེ་བར་རྒྱ་ནག་གིས་དམ་དྲག་དང་འཛིན་བཟུང་བྱེད་བཞིན་པ་རེད།
དེ་ཡང་AP གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། Australia ་མི་སེར་ཡིན་པ་རྒྱ་རིགས་སྒྱུ་རྩལ་བ་Guo Jian ཞུ་བ་ཞིག་རྒྱ་ནག་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་སྤྱི་ཚེས་༢ཉིན་གནས་ཚུལ་སྤེལ་ཡོད་པ་དང་། དེ་བཞིན་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ཟླ་༥ཚེས་༢༥ཉིན་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་དུ་ལུས་པོ་དམར་ཧྲེང་ངང་ངོ་རྒོལ་ལས་འགུལ་སྤེལ་མཁན་བུད་མེད་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པ་དང་། བུད་མེད་ཁོང་གཉིས་ནི་རྒྱ་ནག་ཧའ་ནན་གྲོང་ཁྱེར་ནས་ཡིན་པར་ཁོ་གཉིས་ཀྱིས་གྱོན་ཆས་ཡོངས་སུ་ཕུད་ནས་དམར་ཧྲེང་ངང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་བ་ཡིན་པ་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་བརྗོད་འདུག
སྒྱུ་རྩལ་བ་Guo Jianནི་རྒྱ་ནག་གི་དམག་དཔུང་གིས་པེ་ཅིན་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་ལ་དྲག་གནོན་བྱས་ནས་ལོ་༢༥འཁོར་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གཞུང་ཕྱོགས་དང་ལྟ་སྤྱོད་མི་མཐུན་པའི་ཁྲིམས་རྩོད་པ་དང་། སྒྱུ་རྩལ་བ། དེ་བཞིན་མཁས་དབང་བཅས་འཇུ་བཟུང་བྱས་པའི་གནས་ཚུལ་གསར་ཤོས་དེ་ཡིན་པ་རེད། Australian ཡའི་Fairfax བརྒྱུད་ལམ་ནང་གསལ་ལྟར་ན། Guo Jian ནི་དམག་མི་ཟུར་པ་ཞིག་ཡིན་པ་མ་ཟད། དེ་སྔ་ངོ་རྒོལ་ནང་ཞུགས་མྱོང་མཁན་ཞིག་ཡིན་པ་དང་། གཟའ་ཉི་མར་པེ་ཅིན་གྲོང་ཁྱེར་གྱི་ཉེ་འདབས་ནས་ཁོང་འཇུ་བཟུང་བྱས་ཡོད་པའི་སྐོར་བཀོད་འདུག
དེའི་ཐད་Australianཡའི་ཕྱི་འབྲེལ་དང་ཚོང་འབྲེལ་ལས་དོན་ཚན་པས། རྒྱ་ནག་གཞུང་གིས་ Guo Jianའཇུ་བཟུང་བྱས་པའི་གནས་ཚུལ་དེར་ཞིབ་རྩད་བྱས་པ་མ་ཟད། གཞུང་ཚབ་ཁང་བརྒྱུད་ལས་དོན་བྱེད་རྒྱུའི་སྐོར་བཤད་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།