༄༅། །རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཚོགས་མི། རྒྱ་ནག་རྒྱལ་ཡོངས་མི་དམངས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ ཡུ་ཀྲང་ཤང་གིས་ ཀན་སུ་བོད་རིགས་རང་སྐྱོང་ས་ཁུལ་དུ་ཆེད་བསྐྱོད་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་པར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་འགག་ལན་གནང་འདུག རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ཡུ་ཀྲང་ཤང་གིས་གཟའ་མིག་དམར་ཉིན་གཏམ་བཤད་བྱས་པ་ཞིག་ལུང་འདྲེན་བྱས་ཡོད་པ་དེའི་ནང་། བོད་ནང་ཕུགས་འཕེར་གྱི་བརྟན་ལྷིང་དེ་འཕེལ་རྒྱས་དང་འཛུགས་བསྐྲུན་རྒྱ་སྐྱེད་བྱེད་པའི་ཐོག་ནས་ཡོང་རྒྱུ་རེད་ཅེས་དང་། བོད་ལ་ཚད་མཐོའི་རང་སྐྱོང་ཟེར་བ་ཐོབ་ཐབས་སུ་དམིགས་པའི་ཏཱ་ལའི་བླ་མའི་དབུ་མའི་ལམ་དེ་ནི་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་མངའ་ཁུལ་མི་རིགས་རང་སྐྱོང་གི་ལམ་ལུགས་དང་ཡོངས་སུ་བརྒལ་བ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། དེའི་ཐད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་ཀྱིས་མཚན་ཐོག་ནས་སྤེལ་བའི་འགག་ལན་གསལ་བསྒྲགས་དེའི་ནང་། དོན་དངོས་རྒྱ་ནག་གཞུང་གི་དབུ་འཁྲིད་ཚོར་བོད་ནང་རྒྱུན་གནས་ཐུབ་པའི་བརྟན་ལྷིང་འབྱུང་རྒྱུར་འདོད་པ་ཡོད་ཚེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཡང་ནས་ཡང་དུ་བརྗོད་བཞིན་པ་ལྟར། བོད་ནང་གི་བོད་མིའི་མངོན་འདོད་དང་མཚམས་པའི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཀྱི་རེད། བོད་ནང་གི་གནད་དོན་ནི་ཆབ་སྲིད་རང་དབང་དང་འབྲེལ་བའི་གནད་དོན་ཞིག་ཡིན་པ་ལས་འཚོ་བའི་གནད་དོན་ཞིག་མིན་པ་ལན་འདེབས་གནང་འདུག།
དགག་ལན་དེའི་ནང་ད་དུང་། ཡུ་ཀྲང་ཤང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ནི། རྒྱ་ནག་གི་རྩ་ཁྲིམས་དང་རྒྱལ་ཁབ་ཀྱི་ས་གནས་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་དང་བརྒལ་ལུགས་བརྗོད་པར་མོས་མཐུན་རྩ་བ་ནས་བྱེད་རྒྱུ་མིན་ཞེས་དང་། ཡུ་ཡིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ལ་རྩིས་མེད་བྱས་པ་དེས་དོན་དུ་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ལས་འགན་ལས་གཡོལ་ཐབས་བྱས་པ་བསྟན་པ་ཞིག་ཡིན་པ་གསུངས་ཤིང་། ཁོང་གིས་ བོད་མིའི་སྐུ་ཚབ་ཀྱི་ངོས་ནས་ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༢༦ ཉིན་རྒྱ་ནག་གཞུང་ལ་སྤྲད་པའི་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་དབུ་མའི་ལམ་གྱི་ཐབས་ལམ་དེས་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བརྒལ་འཛོལ་འགྲོ་གི་མེད་པའི་འགྲེལ་བཤད་གསལ་པོ་བརྒྱབ་ཡོད་པ་དྲན་གསོ་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱའི་དཀའ་རྙོག་འདི་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་སེལ་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་དེ་ཕན་ཚུན་གྲོས་མོལ་ཁོ་ནའི་ལམ་ནས་སེལ་ཐུབ་རྒྱུར་ཡིད་ཆེས་གནང་གི་ཡོད་པ་རེད།།