སྦི་ཧར་སྤྱི་ཁྱབ་བློན་ཆེན་དང་༸གོང་ས་མཆོག་མཇལ་འཕྲད་སྐོར།
2010.02.08
༄༅༎རྒྱ་གར་གྱི་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་བཞུགས་སྒར་དུ་ཕེབས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རེས་གཟའ་ཟླ་བའི་ཉིན་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་ཐོན་འདུག
སྦི་ཧར་གྱི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏིཤ་ཀུ་མར་མཆོག་བཞུགས་སྒར་རྡ་རམ་ས་ལར་རེས་གཟའ་ཉིན་མའི་དགོངས་དྲོ་འབྱོར་གནང་ཡོད་པ་དང་ ཁོང་གིས་བོད་ཀྱི་བླ་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་དགོས་པའི་རྒྱུ་མཚན་གཙོ་བོ་སྤྱི་ཁྱབ་བློན་ཆེན་མཆོག་གི་མངའ་སྡེ་སྦི་ཧར་གྱི་རྒྱལ་ས་པཏ་ན་རུ་སྟོན་པ་ཤཀྱ་ཐུབ་པའི་དྲན་རྟེན་གྱི་སྤྱི་གླིང་གི་དབུ་འབྱེད་མཛད་སྒོའི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གདན་ཞུའི་སྙན་སེང་སྒྲོན་པའི་ཆེད་དུ་ཡིན་པ་རེད་འདུག་། སངས་རྒྱས་ཀྱི་བཀྲིན་རྗེས་དྲན་གྱི་སྤྱི་གླིང་དེ་སྟོན་པ་ཤཀྱ་ཐུབ་པ་མྱ་ངན་ལས་འདས་ནས་ལོ་ངོ་༢༥༥༠ཕྱིན་པའི་དུས་ཚིགས་དང་བསྟུན་ནས་བཟོ་བཀོད་གནང་བའི་སྤྱི་གླིང་ཞིག་ཡིན་པ་དང་སྤྱི་གླིང་དེའི་དབུས་སུ་སྒོམ་ཉམས་ལེན་གྱི་ཆེད་དུ་ཚོགས་ཁང་ཆེན་པོ་ཞིག་རྒྱ་གར་གྱི་སྒོར་མོ་དུང་ཕྱུང་༡༢ལྷག་ཙམ་འགྲོ་སོང་བཏང་ནས་བཟོས་པ་དེ་འདི་ལོའི་ཕྱི་ཟླ་བཞི་པ་འམ་ལྔ་པའི་དབུ་འབྱེད་གནང་འཆར་ཡོད་པ་དང་དབུ་འབྱེད་ཀྱི་ཟླ་ཚེས་དངོས་གཞི་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ལྷན་དུ་གོ་བསྡུར་གནང་བའི་རྗེས་སུ་ཐུགས་བརྟན་འཁེལ་གནང་རྒྱུ་ཡིན་པ་དང་སངས་རྒྱས་ཀྱི་དྲན་རྟེན་སྤྱི་གླིང་དེའི་ནང་ད་ལྟ་པཏ་ནའི་འགྲེམས་སྟོན་ཁང་དུ་ཡོད་པའི་སྟོན་པ་ཤཀྱ་ཐུབ་པའི་རྩ་ཆེའི་རིང་སེལ་ཞིག་ཀྱང་སྐུ་རྟེན་གྱི་ཆེད་དུ་གདན་དྲེ་ཞུ་རྒྱུའི་འཆར་གཞི་ཡང་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག་༎