༸གོང་ས་མཆོག་གི་བཀའ་དགོངས་བཞིན་གྲྭ་ཚང་འདི་ཉིད་ནས་མཁས་གྲུབ་རིམ་བྱོན་གྱི་བཤད་སྒྲུབ་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་གནང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་ཞེས། གསར་དུ་བསྐོ་བཞག་བྱུང་བའི་འབྲས་སྤུངས་བློ་གསལ་གླིང་གི་མཁན་རིན་པོ་ཆེ་མཆོག་གིས་གསུངས་པ།
དགའ་ལྡན་ཁྲི་ཐོག་ཁང་དང་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་བཅས་ནས་བརྟག་ཞུ་ཕུལ་དོན་བཞིན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་ལྷོ་པ་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་ལགས་སུ་གྲྭ་ཚང་མཁན་ཐོག་ ༨༣ པའི་ཕྱག་རྟགས་བཀའ་ཡིག་ཕེབས་དོན་ལྟར། ཕྱི་ཟླ་ ༨ པའི་ཚེས་ ༡༣ ཉིན་གྲྭ་ཚང་གི་མཁན་པོ་གསར་པའི་ཁྲི་འདོན་མཛད་སྒོ་འཚོགས་གནང་ཞིང་། སྐབས་དེར་མཛད་སྒོའི་ཐོག་འབྲས་སྤུངས་ཁྲི་པ་མཆོག་དང་གདན་ས་གྲྭ་ཚང་ཁག་གི་མཁན་པོ་ཕྱག་མཛོད་དང་། དེ་བཞིན་འདོད་རྒུ་གླིང་གནད་ཡོད་མི་སྣ་དང་བློ་གསལ་གླིང་གྲྭ་ཚང་གི་འདུས་མང་བཅས་ལྷན་བཞུགས་ཀྱིས་རྟེན་འབྲེལ་མཛད་སྒོ་འཚོགས་གནང་ཡོད་པ་རེད་འདུག
དེའི་སྐོར་བློ་གསལ་གླིང་གྲྭ་ཚང་གི་མཁན་པོ་གསར་པ་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱག་རྟགས་བཀའ་ཡིག་གི་ནང་བཀའ་སློབ་ཕེབས་དོན་ལྟར། ཁོང་ནས་གང་ཐུབ་བསྒྲུབ་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་གནང་བྱུང་། ད་དུང་ཁོང་གིས་མུ་མཐུད་དུ། ཁོང་ལ་༸གོང་ས་མཆོག་གི་ཕྱག་རྟགས་བཀའ་ཡིག་དེ་ཡང་འདི་ལོ་ཕྱི་ཟླ་ ༦ པའི་ཚེས་འགོ་ཙམ་ཞིག་ལ་གྲྭ་ཚང་བརྒྱུད་ཕེབས་འབྱོར་བྱུང་རྗེས་དེ་ལྟ་བུའི་མཛད་འགན་བཞེས་ཐུབ་མིན་ཐུགས་དོགས་བྱུང་ཡང་། ༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པར་བརྟེན་ཁོང་ལ་བསྟན་པའི་ཞབས་འདེགས་བསྒྲུབ་རྒྱུའི་སྐལ་བཟང་གོ་སྐབས་ཐོབ་པར་ངོས་འཛིན་གྱིས་མཁན་པོ་མཛད་འགན་དྭང་ལེན་གནང་བ་ཞིག་ཡིན་པ་གསུངས་གནང་བྱུང་།
འབྲས་སྤུངས་བློ་གླིང་མཁན་ཐོག་གྱ་གསུམ་པ་ལྷོ་པ་དགེ་བཤེས་ཡེ་ཤེས་ལྷུན་གྲུབ་ལགས་ནི་ཕྱི་ལོ་ ༡༩༦༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༧༥ ལོར་ཁོང་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་ལྷོ་པ་ཁམས་ཚན་དུ་ཆོས་ཞུགས་ཀྱིས། ཕྱི་ལོ་ ༡༩༧༧ ལོར་དགེ་བའི་བཤེས་གཉེན་ཆེན་པོ་ཚུལ་ཁང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ཐུབ་བསྟན་མཆོག་དང་། ཤག་སྐོར་མཁན་རིན་པོ་ཆེ་རྗེ་བཙུན་ཉི་མ་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་དུ་མ་བསྟེན་གནང་སྟེ་གཞུང་ཆེན་ཁག་སློབ་གཉེར་གྱིས་གྲྭ་ཚང་དང་དགེ་ལུགས་རྒྱུགས་སྤྲོད་བཅས་རིམ་ཐོན་གནང་བའི་བརྒྱུད་བསླབ་པ་མཐར་སོན་གྱིས། ཕྱི་ལོ་ ༡༩༩༦ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་གནང་ཞིང་དེ་རྗེས་རྒྱུད་སྟོད་དུ་སྔགས་ཀྱི་སློབ་གཉེར་གནང་སྟེ་རྒྱུད་པའི་དགེ་བསྐོས་ཀྱི་ཐུགས་འགན་ཡང་བཞེས་མྱོང་ཡོད་པ་རེད་འདུག
ཕྱི་ལོ་ ༡༩༩༨ ལོར་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་དགེ་བཤེས་དཀོན་མཆོག་པ་སངས་ལགས་ཀྱིས་རེ་སྐུལ་གནང་བ་ལྟར་ཁོང་ནས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་རྒན་གཞོན་བར་གསུམ་ལ་དཔེ་ཁྲིད་གནང་སྟེ་ད་བར་ལོ་༢༥་འགྲོ་མུས་ཡིན་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།