༄༅༎རིང་མིན་ཕྱི་ཟླ་དང་པོའི་ཚེས་༡༠ ནས་༡༢ བར་ཉིན་གསུམ་རིང་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་པུ་ནེའི་ནང་དུ་འཚོགས་རྒྱུའི་རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གི་ཚོགས་ཆེན་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པས་གནད་ཡོད་དཔོན་རིགས་ཁག་ཅིག་གིས་གསུང་བཤད་གནང་གི་ཡོད་པ་རེད།
རྒྱ་གར་རྒྱལ་ཡོངས་སློབ་ཕྲུག་གི་ཚོགས་ཆེན་དེའི་མིང་ལ་་ བ་ཧར་ཏིཡ་ ཆ་ཏྲ་ སན་སད་ ཞེས་འབོད་པ་དང༌། ཚོགས་འདུ་དེ་ད་རེས་ཐེངས་གཉིས་པ་ཡིན་ཞིང༌། ཚོགས་ཆེན་དེའི་ཐོག་ལ་གཙོ་བོ་གསུང་བཤད་གནང་མཁན་གྱི་ཁོངས་སུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། གནད་ཡོད་དཔོན་རིགས་ཁག་གིས་གསུང་བཤད་གནང་གི་ཡོད་པ་དང༌། ལྷན་ཚོགས་དེ་ལ་རྒྱ་གར་རྒྱལ་ཡོངས་ནས་སློབ་ཕྲུག་གི་འགོ་ཁྲིད་སྟོང་ཕྲག་བརྒྱད་ལྷག་མཉམ་ཞུགས་གནང་གི་ཡོད་པ་རེད།
ལྷན་ཚོགས་གོ་སྒྲིག་གནང་མཁན་གྱི་གྲས་ཡིན་པ་་ ཨེམ་ ཨའི་ ཊི་ ཚོགས་པའི་ལས་ཐོག་འགན་འཛིན་སྐུ་ཞབས་་ ར་ཧུལ་ ཀ་རད ཡིས་གསུངས་པར། ལྷན་ཚོགས་དེ་ནི་རྒྱ་གར་གྱི་ཕྱོགས་ཡོངས་ནས་སློབ་ཕྲུག་གི་འགོ་ཁྲིད་འདུ་འཛོམས་བྱེད་པའི་ཐོུང་མ་ཡིན་པའི་ཚོགས་ཆེན་ཞིག་ཡིན་པ་དང༌། དེར་ཕེབས་པའི་སྐུ་ཚབ་ཚོ་དང་གྲོས་ཚོགས་ཀྱི་འཐུས་མི་ཕན་ཚུན་རྒྱ་གར་རྒྱལ་ནང་དང་རྒྱལ་སྤྱིའི་གནད་དོན་གལ་ཆེ་ཁག་ཐོག་གོ་བསྡུར་བྱ་རྒྱུ་དང༌། ཚོགས་ཆེན་དེར་མཉམ་ཞུགས་བྱེད་མཁན་ཡོངས་རྫོགས་ནི། རྒྱ་གར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་ཁག་གི་ལྷན་ཁང་ཁག་གི་འགོ་ཁྲིད་དང༌། སྤྱི་ཁྱབ་དྲུང་ཆེ། མཉམ་འབྲེལ་དྲུང་ཆེ་ཡིན་པ་གསུངས་ཡོད་པ་རེད། དེ་བཞིན་དུ་ལྷན་ཚོགས་དེ་གསར་འཛུགས་གནང་མཁན་ ཨེམ་ ཨའི་ ཊི ཚོགས་པ་དེའི་ལས་ཐོག་ཚོགས་གཙོ་་བིཤ་ལྦ་ནཏ་ ཀ་རད་ ཞུ་བས། ལྷན་ཚོགས་དེ་ནི་སློབ་ཕྲུག་གི་འགོ་ཁྲིད་ཚོར་དཀའ་ངལ་ལ་ཐག་གཅོད་ཇི་ལྟར་བྱ་ཕྱོགས་དང༌། འགོ་ཁྲིད་ཕན་ཚུན་དབར་ལ་གོ་རྟོག་དང་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་སོགས་འབྲེལ་ལམ་འཛུགས་རྒྱུའི་གལ་ཆེའི་གླེང་སྟེགས་ཤིག་ཡིན་པའི་འགྲེལ་བརྗོད་གནང་ཡོད་པ་རེད།།