བོད་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༤པ་སྲུང་བརྩི་གནང་སོང་།


སྤྱི་ཟླ་༣པའི་ཚེས་༡༠ཉིན་བཞུགས་སྒར་རྡ་རམ་ས་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་། ཡོ་རོབ་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་། མེག་སི་ཀོ་གྲོས་ཚོགས་འཐུས་མི་༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་བཅས་ལྷན་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བཞུགས་སྒར་ཁུལ་གྱི་སེར་སྐྱ་ཕོ་མོ་རྣམས་དང་ལྷན་བཞུགས་ཀྱིས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤དེ་སྲུང་བརྩི་གནང་སོང་།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། རྒྱ་ནག་གཞུང་གིས། བོད་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་གྱུར་ཡོད་པ་དང་། དགོན་པ་དྲུག་སྟོང་ལྷག་རྩ་གཏོར་བཏང་ཡོད་ཅེས་དང་། ད་ལྟའི་རྒྱ་ནག་གཞུང་གིས། ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོབ་ཟེར་བའི་མིང་ཐོག་ནས། ཞི་དྲག་གི་ཐབས་ལམ་ཡོད་ཚད་བཀོལ་སྤྱོད་བྱས་ཏེ། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་རིག་གནས་གསར་བརྗེ་ལས་ལྷག་པའི་སྟངས་འཛིན་བྱེད་བཞིན་ཡོད་པ་གསུངས་གནང་སོང་།
ཡང་སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོག་སྦྱངས་གནང་བའི་ནང་། རྒྱ་ནག་གཞུང་གིས། ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་ལ་ཐེ་བྱུས་བྱེད་བཞིན་པར་ཁུངས་ལུང་གང་ཡང་མེད་པའི་སྨྱོ་གཏམ་བསྒྲགས་དང་བསྒྲགས་མུས་རེད། བོད་ཀྱི་སྲོལ་རྒྱུན་བླ་མའི་ཡང་སྲིད་ཕེབས་ཕྱོགས་ནི་བླ་མ་རང་ཉིད་གང་དེར་ཡོད་པ་ལས་གཞན་སུ་ཞིག་གིས་བཙན་ཤེད་བྱ་ཡུལ་མེད། ལྷག་པར་དུ་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ཐད་མགོན་པོ་གང་ཉིད་ནས་སྔ་རྗེས་བཀའ་སློབ་གསལ་པོ་ཕེབས་ཡོད་པའི་ནང་དོན་ལ་བོད་ཕྱི་ནང་གཉིས་དང་། རྒྱལ་སྤྱིའི་ཁྱོན་ནས་དེ་ལྟར་བརྩི་འཇོག་ཞུ་ངེས་ཆགས་ཡོད་ཅེས་གསུང་གནང་སོང་།
ཐེངས་འདིའི་དུས་དྲན་མཛད་སྒོའི་ཐོག་མེག་སི་ཀོ་གྲོ་ཚོགས་འཐུས་མི་༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་གི་མགྲིན་ཚབ་པས། ༧སྐུའི་ཡང་སྲིད་ཀྱི་གནད་དོན་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འབྱུང་འགྱུར་༧སྐུའི་ཡང་སྲིད་ཀྱི་གནད་དོན་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་ཁོ་ན་ལས་གཞན་གཞུང་དང་ཚོགས་སྒེར་སུ་ལའང་ཐེ་བྱུས་བྱེད་དབང་མེད་པ་མ་ཟད། གལ་ཏེ་གཞུང་དང་ཚོགས་སྒེར་གཞན་གྱིས། ༧སྐུའི་ཡང་སྲིད་ཐད་ཐེ་བྱུས་བྱས་པ་ཡིན་ཚེ། ཡང་སྲིད་དེ་རྩ་བ་ནས་ངོས་ལེན་ཞུ་རྒྱུ་མིན་ཞེས་གསུངས་གནང་སོང་།
སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Mikulas Peksa)་ལགས་ཀྱིས། བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཏེ་ད་ཆ་ལོ་ངོ་༦༤འཁོར་གྱི་ཡོད་ཀྱང་། ད་དུང་བོད་མི་རྣམས་མུ་མཐུད་ནས་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ནང་བཅའ་སྡོད་སློབ་གྲྭ་མང་དུ་གཏོང་བཞིན་དེའི་དམིགས་ཡུལ་ནི་བོད་མིའི་མི་རབས་གསར་པ་ཚོ་རང་གི་སྐད་ཡིག་དང་རིག་གཞུང་གི་དྲི་མ་མེད་པ་བཟོ་རྒྱུ་དེ་ཡིན་པས། རྒྱ་ནག་གཞུང་གིས་མི་རིགས་རྩ་མེད་བཟོ་རྒྱུའི་སྲིད་བྱུས་རྣམས་མཚམས་འཇོག་བྱེད་དགོས་ཅེས་གསུངས་ཡོད་པ་རེད།
ཡང་སྐབས་དེར་ཨ་མི་རི་ཀར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་(Damon Wilson)་ལགས་ཀྱིས་གསུང་བཤད་གནང་བའི་ནང་། བོད་མིར་མཚོན་ན། དེ་རིང་གི་ཉིན་མོ་ནི་བློས་གཏོང་ཆེན་པོ་བྱས་པའི་དུས་ཚིགས་ཤིག་ཡིན་པ་མ་ཟད། བློ་སྟོབས་སྐྱེས་གཞིར་འགྱུར་བའི་དུས་ཚིགས་ཤིག་ཀྱང་ཡིན་ཞེས་དང་། ཐེངས་འདིར་རྡ་རམ་ས་ལར་ཡོང་སྟེ། བོད་མིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུ་བྱུང་བར་ཧ་ཅང་གི་སྤོབས་པ་དང་ང་རང་གི་གཟི་བརྗིད་ཡིན། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་དང་མང་གཙོའི་ལམ་སྲོལ་དེ་གཉིས་ནི་གོ་ལ་ཁྱོན་ཡོངས་ནས་དོ་སྣང་དང་དམིགས་དཔེ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ཅེས་གསུངས་གནང་སོང་།
གཞུང་འབྲེལ་མཛད་སྒོ་རྫོགས་རྗེས། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་གོ་སྒྲིག་འོག་མེག་ལོཌ་ནས་བཞུགས་སྒར་ཉེ་འདབས་སུ་ཆགས་པའི་ཀ་ཅ་རི་བར་ཞི་བའི་གོམས་བགྲོད་ཀྱི་ལས་འགུལ་སྤེལ་ཞིང་། སྐབས་དེར་ལས་འགུལ་བ་བློ་བཟང་དོན་གྲུབ་ལགས་ཀྱིས། ཉིན་འདི་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་གཅིག་སྒྲིལ་ནུས་པ་གོང་མཐོར་གཏོང་རྒྱུའི་དུས་ཚིགས་ཤིག་ཡིན་པ་འགྲེལ་བརྗོད་གནང་བྱུང་ལ། ཡང་ལས་འགུལ་བ་བཟང་མོ་ལགས་ཀྱིས། ཇི་སྲིད་བོད་མིར་རང་དབང་མ་ཐོབ་བར་དེ་སྲིད་དུ་ང་ཚོས་ལས་འགུལ་སྤེལ་གྱི་ཡིན་ཞེས་རྒྱ་ནག་གཞུང་ལ་བརྡ་ལན་སྤྲད་སོང་།
ཉིན་འདིར་བཞུགས་སྒར་རྡ་རམ་ས་ལ་ཙམ་མིན་པར། བོད་མི་གནས་ཡུལ་འཛམ་གླིང་གི་ས་ཕྱོགས་གང་སར་རྣམ་པ་འདྲ་མིན་གྱི་ཐོག་ནས་ལས་འགུལ་སྤེལ་མུས་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་གཞོན་སྐྱེས་༧༠ལྷག་གིས་རྒོལ་མཆོང་ལས་འགུལ་སྤེལ་སྐབས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག
དེ་བཞིན་ནེའུ་ཛི་ལན་ཌི་དང་ཨོསི་ཊརེ་ལི་ཡ་(Australia)་སོགས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་ཁང་གི་མདུན་སོགས་སུ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད།
ཨ་མི་རི་ཀའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཉིན་དེར་ཉེ་འཁོར་ཀྱི་མངའ་སྡེ་དང་ས་གནས་ཁག་གི་བོད་མི་དང་བོད་དོན་རྒྱབ་སྐྱོབ་བ་ཚོས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པར་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ངོ་རྒོལ་སྐད་འབོད་དང་། དེ་ནས་ཕོ་བྲང་དཀར་བོ་བར་གོམ་བགྲོད་བྱས་ནས་བོད་དོན་ཆེད་ངོ་རྒོལ་སྐད་འབོད་གནང་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་ཨ་རིའི་རྒྱ་ནག་ཐད་ཀྱི་ཐབས་བྱུས་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་(Mike Gallagher)་ལགས་མཉམ་ཞུགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་ཡོད་པ་རེད།
ལ་དྭགས་ས་གནས་སུ་བོད་མི་ཚོས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པ་སྲུང་བརྩི་གནང་སྐབས། ལྷོ་བྱང་གཞིས་སྤྱི་ལས་ཁུངས་གཙོས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ཟུང་འབྲེལ་གྱིས། བོད་མི་ཚོ་དཔའ་བོའི་དྲན་རྟེན་རྣམ་རྒྱལ་མཆོད་རྟེན་མདུན་ཐང་དུ་འཛོམས་ནས་མཆོད་འབུལ་སྨོན་ལམ་གནང་བ་དང་། དེའི་རྗེས་གླེ་སྨན་རྩིས་ཁང་ནས་གླེ་སྤོ་ལོ་ཐང་བར་དུ་རྒྱ་ནག་ལ་ངོ་རྒོལ་སྐད་འབོད་གནང་ཞོར་ཞི་བའི་གོམ་བགྲོད་གནང་ཡོད་པ་རེད།
རྒྱ་གར་བྱང་ཤར་ཁུལ་དུ་གནས་སྡོད་བོད་མི་ཚོས་ཚེས་༡༠ཉིན་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པ་སྲུང་བརྩི་གནང་སྐབས། རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐུན་མོང་གིས་གོ་སྒྲིག་འོག ནུབ་སྦེང་གྷལ་གྱི་གྲོང་ཁྱེར་ཤི་ལི་སྒུ་རིའི་(Siliguri)་ནང་རྔམ་སྟོན་ཁྲོམ་སྐོར་དང་། བོདདོན་ཡིག་ཆ་འགྲེམས་སྤེལ་སོགས་གནང་ཡོད་པ་རེད། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསུམ་བཅུའི་དུས་དྲན་གྱི་ཉིན་མོ་དེ་བཞིན་བོད་མི་ཚོས་མི་རབས་ནས་མི་རབས་བར་དུ་བརྗེད་མི་རུང་པའི་ཉིན་མོ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་སོགས་གསུང་ཡོད། དགོང་དྲོ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཆེད་དུ། སྨོན་ལམ་གསུངས་འདོན་དང་མཆོད་འབུལ་སོགས་གནང་ཡོད་པ་རེད།

ཡོ་རོབ་ཀྱི་རྒྱལ་ཁབ་ཁག་ནང་གནས་སྡོད་བྱེད་མཁན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོ་ཚེས་༡༠ཉིན་ཨི་ཊ་ལིར་འཛོམས་ནས། བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༤པར་ཡོ་རོབ་བོད་དང་མཉམ་དུ་ཡོད་ཅེས་བའི་གཞི་རྒྱ་ཆེ་བའི་བོད་དོན་ལས་འགུལ་སྤེལ་ཡོད་པ་རེད།

གསར་འགོད་པ། ས་གནས་གསར་འགོད་པ་རྣམས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།