བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༢པ་གང་སར་སྲུང་བརྩི།












བཞུགས་སྒར་རྡ་རམ་སཱ་ལ་གཙོས་བོད་ཕྱི་ཕྱོགས་ཀྱི་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བོད་དོན་ལས་འགུལ་འདྲ་མིན་སྤེལ་ནས་གསུམ་བཅུའི་དུས་དྲན་ཐེངས་༦༢པ་སྲུང་བརྩི་བྱས་འདུག
དེ་ཡང་ཟླ་༣པའི་ཚེས་༡༠ཉིན་ནི། དེ་སྔ་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ཀྱིས་མ་གྲོས་བསམ་པ་གཅིག་མཐུན་ངང་། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་བར་ངོ་རྒོལ་དང་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༦༢འཁོར་བའི་དུས་དྲན་ཉིན་མོ་ཡིན་པར་བརྟེན། རྒྱ་གར་གཙོ་བོ་བྱས་བའི་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། བོད་དོན་ལས་འགུལ་རྣམ་པ་འདྲ་མིན་ཐོག་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད།
བཞུགས་སྒར་རྡ་རམ་སཱ་ལར་བོད་མིའི་རང་དབང་སྒེར་ལངས་ཐེངས་༦༢པའི་གཞུང་འབྲེལ་གྱི་མཛད་སྒོ་སྲིད་སྐྱོང་ཚོགས་ཁང་དུ་ཚོགས་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ཧྲག་བསྡུས་ཚང་འཛོམས་ཐོག་དུས་དྲན་སྲུང་བརྩི་བྱས་སྐབས། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་བོད་མི་ནང་ཁུལ་རྡོག་རྩ་གཅིག་སྒྲིལ་གྱིས། བོད་ནང་གི་བོད་མིའི་མངོན་འདོད་ཆེད་ལས་འགུལ་སྤེལ་དགོས་པ་མ་ཟད། སྲིད་སྐྱོང་གི་གསུང་འཕྲིན་དུ་རྒྱ་ནག་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་ཡོད་ན། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཆོད་སེམས་ལ་འགྱུར་བ་མེད་ཅེས་དང་། གསུམ་བཅུའི་དུས་དྲན་ཐོག་སྲིད་སྐྱོང་གིས་ཡོངས་ཁྱབ་ཏུ་སྤེལ་བའི་གསུང་འཕྲིན་ནང་། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་༢༠༢༠ལོའི་སྙན་ཐོའི་ནང་། ༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་བར་གཞུང་འབྲེལ་འབྲེལ་མོལ་ཐོག་ཡར་རྒྱས་ཕྱིན་མེད་པ་དང་། རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་ལྷན་དུ་འབྲེལ་མོལ་བསྐྱར་མཐུད་བྱེད་དགོས་པའི་རེ་སྐུལ་བཏོན་ཡོད་པ་བཞིན། གལ་ཏེ་རྒྱ་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་ཡོད་ན། ང་ཚོའི་ངོས་ནས་ཀྱང་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་མེད་ཅིང་། བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་ཚུད་དགོས་པའི་དགོས་འདུན་བཏོན་པ་ནི། མི་རིགས་ཀྱི་དཀའ་རྙོག་ཡོངས་རྫོགས་དུས་གཅིག་ཏུ་སེལ་ཐུབ་པ་ཁོ་ནའི་ཆེད་དུ་ཡིན་ཞེས་བཀོད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་དུ། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་ནས་བོད་མི་རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཚུད་པ་རྣམས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་གང་མགྱོགས་གློད་གྲོལ་དགོས་པ་དང་། བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་མཚམས་འཇོག་དགོས་པ། ཆབ་སྲིད་བཙོན་པ་དང་བཙོན་ཟུར་རྣམས་ཀྱི་དངོས་ཡོད་གནས་སྟངས། རྒྱ་ནག་གཞུང་གིས་གསལ་བཤད་དགོས་པ་སོགས་ནན་བརྗོད་གནང་འདུག
ད་ལན་གྱི་བཀའ་སྤྱི་གཉིས་ཀའི་གསུང་འཕྲིན་དེ་ནི། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། སྐབས་བཅོ་ལྔ་པའི་བཀའ་ཤག་གི་གསུང་འཕྲིན་ཐ་མ་དེ་ཆགས་ཀྱི་ཡོད་པ་དང་། བཀའ་ཤག་སྐབས་༡༦སྲིད་སྐྱོང་དང་སྐབས་༡༧པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ། ༢༠༢༡སྤྱི་ཟླ་༤པའི་ཚེས་༡༡ཉིན་གནང་གི་ཡོད་ཅིང་། འོས་བསྡུ་གྲུབ་རྗེས་སྤྱི་ཟླ་༥པའི་ཚེས་༡༤ཉིན་འདེམས་ཐོན་སྲིད་སྐྱོང་དང་འདེམས་ཐོན་སྤྱི་འཐུས་གསར་པ་རྣམས་ཀྱི་མཚན་གཞུང་གསལ་བསྒྲགས་དང་བསྟུན། སྤྱི་ཟླ་༥པའི་ཚེས་༣༠ཉིན་འདེམས་ཐོན་སྤྱི་འཐུས་ཀྱི་དམ་འབུལ་དང་། རིམ་པས་འདེམས་ཐོན་སྲིད་སྐྱོང་གི་དམ་འབུལ་བརྒྱུད་དངོས་སུ་ལས་ཁུར་ཞུས་གནང་གི་ཡོད་པ་རེད།
གཞན་ཡང་ཉིན་དེར་གཞུང་འབྲེལ་མིན་པའི་ཚོགས་པ་ལྔ་སྟེ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་ཀྱི་གཞོན་ནུའི་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་བཅས་ནས་གོ་སྒྲིག་གནང་སྟེ། སེར་སྐྱ་མི་མང་བརྒྱ་ཕྲག་མང་པོས་རྡ་སྟེང་གཙུག་ལག་ཁང་གི་ལམ་ནས། རྡ་ཤོད་བར་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་སོང་།
དེ་བཞིན་ཨོསུ་ཁྲི་ལེ་ཡ་དང་། དབྱིན་ཡུལ་གཙོས་ཡོ་རོབ་ཀྱི་ཡུལ་གྲུ་ཁག ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་དང་གྲོང་ཁྱེར་ནེའུ་ཡོག ཉི་ཧོང་། ཐེ་ཝན་གྱི་རྒྱལ་ས་ཐེ་པེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ལ་སོགས་བཙན་བྱོལ་ཡོད་མི་གནས་སྡོད་བྱེད་ཡུལ་འཛམ་གླིང་གི་ཡུལ་གྲུ་གང་སའི་གྲོང་ཁྱེར་ཆེ་ཁག་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན། གནད་འགག་ཆེ་བའི་ཐང་ཆེན་དང་སྲང་ལམ་བཅས་སུ་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། བོད་དོན་ལས་འགུལ་འདྲ་མིན་སྤེལ་ནས་གསུམ་བཅུའི་དུས་དྲན་ཐེངས་༦༢པ་སྲུང་བརྩི་བྱས་འདུག
བལ་ཡུལ་དུ་བལ་ཡུལ་གཞུང་གིས་བོད་མི་གནས་སྡོད་བྱེད་ཡུལ་མཆོད་འཇོར་དང་། འཇོ་ལ་ཁེལ། འཕགས་ཤིང་། རྒྱལ་ས་བཅས་ས་གནས་གང་སར་སྒྲིག་ཆས་གྱོན་མེད་པའི་གསང་བའི་མི་སྣ་དང་། ཉེན་རྟོག་དམག་མི་སོགས་གང་མང་དཀྲམ་ནས་བོད་མི་ཚོའི་འགྲོ་སྡོད་བྱ་སྤྱོད་ཐོག་དམ་དྲག་བྱས་ཡོད་པ་དང་། རྒྱ་ནག་གཞུང་ཚབ་ཁང་གི་མདུན་སྐོར་སྲུང་བྱས་བ་བཅས་ལ་བརྟེན་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱས་ཐུབ་མེད་པ་དང་། རྒྱ་ནག་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་ཚོའི་ཐོག་དམ་དྲག་བྱེད་བཞིན་པ་རེད། བལ་ཡུལ་བོད་མིའི་བདེ་དོན་ལས་ཁང་ནས་ཚེས་༥་ཉིན་གསལ་བསྒྲགས་སྤེལ་ནས། གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་རྒྱུར་བལ་ཡུལ་གཞུང་གིས་ཆོག་མཆན་སྤྲོད་སྲོལ་མེད་པར་བརྟེན། བོད་མི་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་གནས་སྟངས་དང་བསྟུན་ངོ་རྒོལ་ལས་འགུལ་རིགས་སྤེལ་མི་གནང་བའི་འབོད་སྐུལ་དང་། གསུམ་བཅུའི་དུས་དྲན་མཆོད་འབུལ་སྨོན་ལམ་གྱི་ལམ་ནས་སྲུང་བརྩི་དགོས་བའི་སྐུལ་མ་གནང་འདུག
ཨོསུ་ཁྲི་ལེ་ཡའི་སིཌ་ཎི་གྲོང་ཁྱེར་ནང་།