རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཐེངས་ལྔ་པ་དབུ་འཛུགས།
ཟླ་བ་འདིའི་ཚེས་ ༡༦ ནས་ཉིན་གསུམ་གྱི་རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པི་སེར་བྱེས་མཁས་སྙན་གྲ་ཚང་གི་གཙོ་བོ་གོ་སྒྲིག་དང་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཐེའི་ཝཏ་ཝ་དགོན་པ་དང་དེ་བཞིན་ཐེའི་ཝན་ཀྲེན་ཆུང་ཤིང་དགོན་བཅས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་འོག གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཐེའི་ཝཏ་ཝ་དགོན་པའི་ནང་དུ་རྒྱལ་སྤྱིའི་དམ་ཆོས་འདུལ་བ་བགྲོ་གླེང་ཐེངས་ ༥ ཚོགས་འདུའི་དབུ་འཛུགས་ཀྱི་མཛད་སྒོའི་ཐོག སེར་བྱེས་མཁན་རིན་པོ་ཆེ་བཀྲིས་ཚེ་ཐར་ལགས་ཀྱིས། རྒྱལ་སྤྱིའི་ནང་པའི་དགེ་འདུན་པ་རྣམས་ནས་འདུལ་བ་གཙོ་བོར་འགྱུར་བའི་སྡེ་སྣོད་གཞན་གཉིས་ཀྱི་ཉམས་ལེན་གནང་སྟེ་འཛམ་གླིང་ནང་བཟང་སྤྱོད་སྤེལ་ཞིང་ཞི་བདེ་བསྐྲུན་རྒྱུར་ནུས་མཉམ་སྤུངས་དགོས་པའི་སྐུལ་མ་གནང་སོང་ལ། ཐེའི་ཝཏ་ཝ་དགོན་པའི་མཁན་རིན་པོ་ཆེ་ཕརཱ་བྷོ་དྷི་ནཱ་དྷ་མུ་ནི་ལགས་ཀྱིས། ང་ཚོ་ཚང་མ་སྟོན་པ་གཅིག་གི་རྗེས་འཇུག་གཅིག་པ་ཡིན་པར་བརྟེན། ཚང་མས་སྟོན་པའི་རྗེས་སུ་འཇུག་ཅིང་། ལམ་དེར་མ་ནོར་བར་འཇུག་ལྡོག་ཚུལ་བཞིན་བྱ་དགོས་པའི་ལམ་སྟོན་གནང་བ་དང་སྦྲགས། སངས་རྒྱས་ཀྱི་བསྟན་པ་གནས་མིན་ནི། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་ལྟར་དགེ་འདུན་གྱི་སྡེ་ལ་རགས་ལུས་ཡོད་པས། བགྲོ་གླེང་དེ་བཞིན་དགེ་མཚན་ཆེན་པོ་ཡོད་པ་གསུངས་སོང་།
དེ་བཞིན་ཐེའི་ཝན་ཀྲེན་ཆུང་ཤིང་དགོན་པའི་མཁན་རིན་པོ་ཆེ་ཀོཝ་ཅིང་ཧྲི་ཡིས་གསུངས་དོན་ལ། ཐེངས་འདིའི་འདུལ་བའི་བགྲོ་གླེང་འདིའི་བརྒྱུད་འཛམ་གླིང་སྤྱི་དང་ཡང་སྒོས་སེམས་ཅན་རྣམས་ལ་བདེ་སྐྱིད་བྱུང་བ་དང་། ལྷག་པར་དུ་འདུལ་བའི་བསྟན་པ་སྔར་ལྷག་དར་རྒྱས་ཡུན་གནས་ཐུབ་པའི་སྨོན་འདུན་ཡོད་ཅེས་གསུངས་སོང་ལ། མཛད་སྒོའི་ཐོག་ཆེད་བཅར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ཀྱིས། སངས་རྒྱས་ཀྱི་བསྟན་པའི་རྩ་བ་འདུལ་བའི་འཆད་ཉན་དང་ཉམས་ལེན་གཉིས་ཀར་རགས་ལུས་ཡོད་པར་བརྟེན། དེ་དག་སྔར་ལྷག་འཕེལ་རྒྱས་ཡོང་ཐབས་སུ་ཐུགས་འཁུར་བཞེས་དགོས་པའི་འབོལ་སྐུལ་གནང་སོང་།
གཞན་ཡང་ཐེངས་འདིའི་མཛད་སྒོའི་ཐོག་སེར་བྱེས་གྲྭ་ཚང་གི་ཕྱག་མཛོད་ཁྲི་པ་དགེ་བཤེས་ངག་དབང་བྱང་ཆུབ་ལགས་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཡ་གྱལ་ཆོས་ལུགས་མཐུན་སྒྲིལ་གྱི་དགོངས་གཞི་དང་མཐུན་པར། སེར་བྱེས་གྲྭ་ཚང་ནས་ད་བར་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐེངས་བཞི་གོ་སྒྲིག་གནང་ཟིན་པ་དང་ད་ལན་གྱི་ལྷན་ཚོགས་འདི་ཐེའི་ལེནྜ་དང་ཐེའི་ཝན་དགོན་གསུམ་མཉམ་འབྲེལ་གྱིས་གོ་སྒྲིག་གནང་བ་ཞིག་ཡིན་པ་སོགས་ངོ་སྤྲོད་གནང་སོང་ལ། ད་ལན་ཉིན་གསུམ་གྱི་ལྷན་ཚོགས་ཀྱི་ནང་བོད་པ་དང་ཐེའི་ལེནྜ་དང་ཐེའི་ཝན་དང་ཤྲི་ལངྐ་དང་དེ་བཞིན་བྷར་མ་དང་ཉི་འོང་སོགས་ནང་པའི་རྒྱལ་ཁབ་ཁག་ནས་དགེ་འདུན་པ་ལྷན་བཞུགས་གནང་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།