མང་གཙོའི་དུས་ཆེན་ཉིན་སྤྱི་འཐུས་ཀྱི་ཚོགས་གཙོས། མང་གཙོའི་མཁེ་དབང་ལོངས་སུ་སྤྱོད་པ་དང་བསྟུན་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་བའི་འགན་ཡང་ཡོད་པ་གསུངས་པ།
2019.09.02
བོད་ཀྱི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ ༥༩ འཁོར་བའི་དུས་དྲན་གྱི་གཞུང་འབྲེལ་མཛད་སྒོ་དེ་བཞིན་ཟླ་བ་འདིའི་སྤྱི་ཚེས་ ༢ ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནང་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གསོལ་སྩལ་གནང་བའི་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ངོ་སྤྲོད་དང་སྦྲགས། མང་གཙོ་ཁ་ལ་འཁྱེར་ནས་ཕྱོགས་རིས་འཐེན་འཁྱེར་གྱིས་སྤྱི་ཚོགས་དཀྲུག་མཁན་རིགས་ལ་ སྐྱོན་བརྗོད་གནང་འདུག སྤྱི་འཐུས་ཚོགས་གཙོ་མཆོག་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མི་ཚང་མར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཆོག་པའི་ཆ་རྐྱེན་གསལ་ཡོད་པ་ནང་བཞིན་སྤྱི་ཚོགས་ཀྱི་བདེ་སྐྱིད་དང་ལྷིང་འཇགས་བསྲུང་རྒྱུའི་འགན་དབང་ཡང་བོད་མི་ཚང་མས་ངེས་པར་དུ་མཁྱེན་དགོས་པ་འགྲེལ་བརྗོད་གནང་བ་དང་སྦྲགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཧོང་ཀོང་མི་མང་གི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་གནང་འདུག
སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་གཞུང་ཞབས་རྣམས་པ། ཨ་རུ་ན་ཅཱལ་མངའ་སྡེ་གཞུང་གི་ཆོས་རིག་ལྷན་ཚོགས་ཀྱི་ཚོགས་གཙོ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ་བཅས་སེར་སྐྱ་མང་ཚོགས་སྟོང་ཕྲག་གཅིག་ལྷག་འདུ་འཛོམས་ཀྱིས། སྐུ་མགྲོན་གཙོ་བོ་ཧི་མ་ཅཱལ་མངའ་སྡེ་གཞུང་གི་གྲོང་སྡེ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་བློན་ཆེན་ལྕམ་ Sarveen Chaudhary མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་དྲིན་དང་བྱིན་རླབས་ལ་བརྟེན་ནས། ད་ལྟའི་སྐབས་སུ་འཛམ་བུ་གླིང་ལ་བོད་མིའི་མང་གཙོ་དེ་ངོམས་སུ་ཆོག་པ་ཆགས་ཡོད་པར་གསུངས་པ་དང་ཆབས་ཅིག ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་ངོས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། རྡ་རམ་ས་ལའི་མེག་ལོར་གྷན་ཇི་ནི་ ༸གོང་ས་མཆོག་གི་བཞུགས་གནས་ཡིན་པར་བརྟེན། ས་གནས་འདིར་ལྷ་ས་ཆུང་ཆུང་ཞེས་འབོད་སྲོལ་ཡོད་ཅིང་། ད་དུང་འཕགས་བོད་གཉིས་ནི་རྒྱལ་ཁབ་གཅིག་མིན་ནའང་། སེམས་གཅིག་ལྟ་བུ་རེད་ཅེས་འགྲེལ་བརྗོད་གསུང་བཤད་གནང་འདུག
ཡང་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ནས་གསུང་བཤད་གནང་བའི་ནང་། བོིད་མིའི་མང་ཚོགས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་མཛད་པ་དང་། གང་ཉིད་ཀྱི་དབུ་འཁྲིད་ལམ་སྟོན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཡིན་པས། དེ་རིང་གི་དུས་ཚེས་འདི་བརྒྱུད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་ནས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པའི་ཐོག་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་གཉིས་ཀྱི་གྲྭ་བཙུན་སྟོང་ཕྲག་མང་པོ་ཕྱིར་འབུད་དང་། གྲྭ་ཤག་སྟོང་ཕྲག་བརྒལ་བ་གཏོར་བཤིར་བཏང་བར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ནང་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་མི་ཚང་མར་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཆོག་པའི་ཆ་རྐྱེན་བསྐྲུན་ཡོད་པ་ནང་བཞིན་སྤྱི་ཚོགས་ཀྱི་བདེ་སྐྱིད་དང་ལྷིང་འཇགས་བསྲུང་རྒྱུའི་འགན་དབང་ཡང་བོད་མི་ཚང་མར་ཡོད་པ་མཁྱེན་པའི་ཐོག བོད་པ་སུ་ཡིན་རུང་རྟག་པར་སོ་སོའི་སྒེར་གྱི་ཁ་ཆག་སྣ་རལ་རྐྱང་རྐྱང་བསམས་ནས་མ་བཞུགས་པར་བོད་སྤྱི་པའི་རྩ་དོན་ལ་དམིགས་ཏེ་བསམ་བློ་རྒྱ་ཆེན་པོ་དང་གུ་ཡངས་པོ་བཏང་ནས་ལས་དོན་སྒྲུབ་རྒྱུའི་འབད་བརྩོན་གནང་དགོས་རྒྱུའི་སྐུལ་མ་གནང་འདུག ཐེངས་འདིའི་མང་གཚོའི་དུས་ཆེན་སྐབས། བོད་ཀྱི་ཟློས་གར་ཚོགས་པས་གཙོས་བཞུགས་སྒར་རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་ནས་བོད་ཀྱི་རིག་གཞུང་ཁྲབ་སྟོན་གནང་ཡོད་ཅིང་། ད་དུང་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་ན་གཞོན་ནུས་སྤེལ་ལས་གཞིའི་གཟེངས་བསྟོད་ཕྱག་འཁྱེར་དང་། ན་གཞོན་སོ་ནམ་པ་རྩེ་ཕུད་ཀྱི་ཕྱག་འཁྱེར། དེ་བཞིན་ ༢༠༡༩ ལོའི་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་རྩེ་ཕུད་དུ་སོན་པའི་སློབ་ཕྲུག་ཚོར་དགའ་ལྡན་ཕོ་བྲང་གཟེངས་རྟགས་སོགས་གནང་ཡོད་པ་རེད།