སྲིད་སྐྱོང་མཆོག་གིས་བོད་ནང་གི་བོད་མིར་རྗེས་དྲན་ཞུས་འདུག


2015.03.10
བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༥༦པ་སྲུང་བརྩི་ཞུས་ཡོད་པ། བཞུགས་སྒར་དུ་གསུམ་བཅུའི་དུས་དྲན་ཐེངས་༥༦པ་སྲུང་བརྩི་སྐབས། ༢༠༡༥།༣།༡༠
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། འཇིགས་མེད་སྙན་གྲགས།

བཞུགས་སྒར་དུ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་དབུ་བཞུགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་གནང་བ།
དེ་ཡང་བཞུགས་སྒར་རྡ་རམ་ས་ལ་གཙོས་འཛམ་གླིང་གི་ས་ཕྱོགས་གང་སའི་ནང་བོད་མིའི་རང་དབང་སྒེར་ལངས་བྱས་བའི་གསུམ་བཅུའི་དུས་དྲན་ཐེངས་༥༦པ་དེ་སྲུང་བརྩི་ཞུས་ཡོད་པ་དང་། བཞུགས་སྒར་རྡ་རམ་ས་ལའི་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་Claudia Rothཆེད་ཕེབས་གནང་ཡོད་པ་རེད། མཛད་སྒོའི་ཐོག་སྲིད་སྐྱོང་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐོག་བསྩལ་བའི་ཡོངས་ཁྱབ་གསུང་བཤད་ནང་། བོད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་ཚོ་དང་དཀའ་སྡུག་མྱོངས་བཞིན་པའི་བོད་མི་རྣམས་ལ་རྗེས་དྲན་ཞུས་ཡོད་པ་རེད། གསུང་བཤད་ཀྱི་ནང་། གཙོ་བོ་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་དུ་བདེན་དོན་འཐབ་རྩོད་མུ་མཐུད་ནས་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཞག་རྒྱུ་དང། ལྷག་པར་དུ་སྤྱི་ནོར་༧གོང་ས་མཆོག་གི་དགོངས་གཞི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་ཆེས་བརྟན་པོ་ཞུས་པའི་ཐོག་ནས་བོད་དོན་བདེན་མཐའ་གསལ་ཐབས་བྱ་རྒྱུ་ཡིན། ད་ལྟའི་ཆར་བོད་ནང་གི་གནས་སྟངས་ཧ་ཅང་གི་ཛ་དྲག་ཡོད་ནའང་བོད་མི་ཚོས་དྲག་གནོན་ལ་ཇི་མི་སྙམ་པར་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་ལ། ༢༠༠༨ནང་བོད་ས་ཡོངས་ལ་ཞི་རྒོལ་ཆེན་པོ་བྱུང་བ་དང། རང་ལུས་མེར་བསྲེག་བཏང་སྟེ་ངོ་རྒོལ་ལས་འགུལ་མུ་མཐུད་སྤེལ་བའི་དབང་གིས་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དམ་བསྒྲགས་ཆེ་རུ་བཏང་བ་སོགས་བོད་མིའི་འགྲོ་སྡོད་སྤྱོད་གསུམ་ལ་དམ་བསྒྲགས་ནན་པོ་བྱས་པའི་རྐྱེན་གྱིས་རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པའི་ཁྲོད་ནས་ཀྱང་བོད་ཀྱི་གནས་སྟངས་ནི་དམག་སར་སླེབས་པ་ལྟ་བུ་ཡོད་པའི་ཧང་སང་བའི་གནས་ཚུལ་བྱུང་ཡོད། ད་དུང་བོད་ཀྱི་ས་ཁུལ་ཁག་ཅིག་གྲོང་ཁྱེར་གྱི་ངོ་བོར་འགྱུར་རྒྱུའི་རྒྱ་ནག་གཞུང་གི་འཆར་གཞི་དང་རྒྱ་ནག་གི་ཞིང་ཆེན་མང་པོ་ནས་རྒྱ་མི་མི་འབོར་འཕོན་ཆེ་པོ་བོད་དུ་གནས་སྤོས་བྱས་པའི་བྱ་སྤྱོད་དེ་དག་ནི་། བོད་མིར་དཔལ་འབྱོར་གྱི་ཁེ་ཕན་མེད་པའི་ལས་གཞི་ཞིག་དང། བོད་ས་ཁོངས་སུ་བོད་མི་གྲངས་ཉུང་མི་རིགས་སུ་འགྱུར་བའི་གནས་སྟངས་དེ་དག་ལ་བློ་འཚབ་ཆེན་པོ་བྱེད་ཡུལ་ཞིག་ཏུ་གྱུར་ཡོད་ཅེས་དང། ཡང་༡༩༥༩ནས་ད་བར་དུ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་དང་དམ་བསྒྲགས་ཀྱི་བྱ་སྤྱོད་འདྲ་མིན་ཇི་ཙམ་ལག་བསྟར་བྱས་དང་བྱེད་མུས་ཡིན་ནའང་བོད་མིའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ལས་འགུལ་བསྟུད་མར་སྤེལ་བའི་ཁར་ད་བར་བོད་མི་བརྒྱ་ལྷག་གིས་རང་ལུས་མེར་བསྲེགས་བཏང་བ་བཅས་ཀྱིས་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་མུ་མཐུད་གནས་ཡོད་པ་གསལ་པོ་ཡིན་ཞིང། ལྷག་དོན་གཞི་རིམ་མི་དམངས་ཚོའི་ཁྲོད་བསམ་པའི་འཁྱེར་གསོའི་ཐོག་ནས་ཆིག་སྒྲིལ་གྱི་ནུས་པ་ཆེ་རུ་འགྲོ་བ་དང་བོད་མིའི་ཐོུང་མ་ཡིན་པའི་ངོ་བོ་སྲུང་སྐྱོབ་དར་སྤེལ་ཡོང་ཐབས་ལ་སེམས་ཁུར་བྱེད་མཁན་ཡོད་ལ། དེང་གི་ཆར་བོད་ནང་དུ་ནང་ཁུལ་ཤ་ལན་སློག་རེས་དང།་གང་བྱུང་ཤོ་སྦག་རྒྱན་རྩེད་དང། ཆང་རག་རིགས་སྤྱོད་མཁན་ཇེ་ཉུང་དུ་འགྲོ་བ་ནི་དགའ་འོས་པ་ཞིག་ཡིན་ཞིང། ཡིན་ནའང་ཤེས་ཡོན་སློབ་གསོའི་ཐོག་ལ་ནུས་པ་འདོན་སྤེལ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན་པའི་ནན་བརྗོད་གནང་ཡོད་པ་རེད།
དེ་རྗེས་སྐུ་མགྲོན་གཙོ་བོ་ཇར་མན་གྲོས་ཚོགས་ཀྱི་ཚོགས་གཞོན་ལྕམ་Claudia Rothམཆོག་གིས། ང་ཚོས་རྒྱ་ནག་ནི་རྒྱལ་སྤྱིའི་ཐོག་སྟོབས་ཤུགས་ཆེ་ཤོས་གྲས་ཤིག་ཡིན་སྟབས་མཐོང་ཆུང་བྱ་མི་སྲིད་ཀྱང་། ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་འཕེལ་འགྲོས་ནི་རྟེན་འབྱུང་ཞིག་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བསྟུན་དགོས་པ་ཆགས་ཡོད། ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མགོ་ཁྲིད་ཀྱི་ཆ་ཤས་ལེན་དགོས་ཚེ་ཁོ་ཚོས་རིག་གཞུང་གི་སྣེ་འཁྲིད་ཐུབ་པ་བྱེད་དགོས། ངས་པེ་ཅིན་གྱི་མགོ་ཁྲིད་ཚོར་སྐད་ཆ་འདྲི་རྒྱུ་ཞིག་ཡོད་པ་ནི། རྒྱ་ནག་གཞུང་གིས་སོ་སོའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་བཏང་སྟེ། དྲག་གནོན་དང་བྲན་གཡོག་དུ་བཀོལ་བ་སོགས་བྱས་ནས་རྒྱལ་ཡོངས་ནང་བརྟན་ལྷིང་དང་ཕན་ཚུན་བསམ་ཤེས་བྱེད་མ་ཐུབ་ཚེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་དེ་ཕྱོགས་གང་ཐད་ནས་རྒྱལ་སྤྱིའི་སྣེ་ཁྲིད་མཁན་ཞིག་ཆགས་རྒྱུར་དགའ་མོས་བྱེད་སྲིད་དམ་ཞེས་བརྡ་ལན་སྤྲོད་རྒྱུ་མ་ཟད། ངས་རྒྱ་ནག་གཞུང་གི་གཞུང་འཛིན་སྲོད་དོན་པ་ཚོས་བོད་དོན་བདེན་མཐའ་སེལ་ཆེད་བོད་མི་དང་མཉམ་གྲོས་མཐུན་འཇོག་དགོས་པ་མ་ཟད། བོད་ནང་གི་བཙོན་པ་ཚོ་གློད་དཀྲོལ་གཏོང་དགོས་ཞེས་ནན་སྐུལ་བྱས་ཡོད།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོངས་ཁྱབ་གསུང་འཕྲིན་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སྒྲོགས་སྦྱངས་གནང་པའི་ནང་། ལོ་ངོ་ ༥༦ ཕྱིན་པའི་རྗེས་སུ་ཡང་བོད་ནང་གི་བོད་མི་མི་རབས་གསར་པ་ཚོས་ཀྱང་རྒྱ་ནག་གཞུང་ལ་མུ་མཐུད་ཞི་རྒོལ་བར་མཚམས་མེད་པ་བྱེད་བཞིན་ཡོད་པ་དང་། ཇི་སྲིད་བོད་དོན་བདེན་མཐའ་མ་སེལ་བར་ཞི་རྒོལ་དེ་རིགས་བར་མཚམས་ཆོད་མི་སྲིད་པ་ཡིན་པ་རྒྱ་ནག་གཞུང་གིས་ཤེས་རྟོགས་དགོས་པ་ཆགས་ཡོད་པ་གསུངས་ཡོད་པ་རེད། ད་དུང་སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་གིས། བོད་དོན་ཐད་རྒྱལ་སྤྱིའི་སྲིད་གཞུང་འདྲ་མིན་དང་། གྲོས་ཚོགས། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་རྒྱབ་སྐྱོར་གནང་སྟེ་བོད་དོན་འདི་བཞིན་རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་ཡོད་ན་ཡང་། དོན་དངོས་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་འགན་ཆེ་ཤོས་དེ་བོད་པ་རང་ཉིད་ཀྱིས་ཁུར་དགོས་པ་གསུངས་ཡོད་པ་རེད།
སྤྱི་འཐུས་སྤེན་པ་ཚེ་རིང་ལགས་ཀྱིས་མུ་མཐུད། རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་མཐའ་མཚམས་སྐྱོང་བར་བོད་ཁུལ་བརྟན་ལྷིངས་དགོས་གལ་ཆེ་ལུགས་བརྗོད་དེ་བོད་རང་སྐྱོང་ལྗོངས་གཙོས་བོད་ཀྱི་དགོན་སྡེ་ཁག་གི་ནང་ཉིན་མཚན་དུས་དྲུག་ཏུ་སོ་ལྟའི་ལས་འགུལ་སྤེལ་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་སྤྱི་ལ་དོ་ཕོག་བཏང་བ་མ་ཟད། ཆབ་སྲིད་དང་སྨྲ་བརྗོད་རང་དབང་། ཉིན་རེའི་འཚོ་བའི་སྤྱོད་སྒོ་ཁག་དང་འགྲུལ་བསྐྱོད་ཀྱི་རང་དབང་སོགས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་གསུངས་ཤིང་། ཁོང་གིས་ད་དུང་རྒྱ་ནག་གཞུང་གིས་རུལ་སུངས་ལ་རྟོག་ཞིབ་ཅེས་པའི་མིང་གི་ཐོག་ནས་བོད་མི་མང་པོར་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཟེར་བ་སོགས་ཀྱི་ཉེས་འགེལ་སྣ་ཚོགས་བྱེད་བཞིན་ཡོད་པ་གསུངས་ཡོད་པ་རེད། སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞི་འཇམ་ཡོང་ཐབས་དང་། བོད་ཀྱི་དཀའ་རྙོག་སེལ་ཐབས་ཆེད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་ཐོག་ནས་གྲོས་མོལ་ཡོང་ཐབས་བྱ་རྒྱུའི་ཆོད་སེམས་ལ་འགྱུར་བ་གང་ཡང་མེད་པར་བརྟེན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ཁྲིད་ཚོས་ཀྱང་གཡས་ཁག་གཡོན་དཀྲི་མེད་པར་དུས་ཚོད་ལ་དམ་འཛམ་གྱིས་བོད་རྒྱ་འབྲེལ་མོལ་མྱུར་དུ་མཐུད་དགོས་པའི་འབོད་སྐུལ་ནན་པོ་བྱེད་རྒྱུ་ཡིན་ཞེས་གསུངས་འདུག
བོད་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་༥༦་པའི་གཞུང་འབྲེལ་མཛད་སྒོའི་རྗེས་བོད་དོན་རྔམ་སྟོན་སྐད་འབོད་གཞི་རྒྱ་ཆེན་པོ་བྱས་ཡོད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས་དང་ཉི་མ་གཡུ་སྒྲོན།

ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་གྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎