བཙན་བྱོལ་བོད་མིའི་མང་གཙོ་མི་ལོ་༥༥་ལོན་པའི་དུས་ཆེན་སྲུང་བརྩི།

བཞུགས་སྒར་དུ་བོད་ཀྱི་མང་གཙོ་དུས་ཆེན་ཐེངས་༥༥པ་སྲུང་བརྩི་གནང་བཞིན་པ། ༢༠༡༥།༩།༢
བཞུགས་སྒར་དུ་བོད་ཀྱི་མང་གཙོ་དུས་ཆེན་ཐེངས་༥༥པ་སྲུང་བརྩི་གནང་བཞིན་པ། ༢༠༡༥།༩།༢ (བསྟན་འཛིན་དོན་ཡོད། RFA)

0:00 / 0:00

0:00 / 0:00

༄༅། །༧གོང་ས་མཆོག་གིས་བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་རས་གནང་ནས་ལོ་ངོ་༥༥འཁོར་བའི་དུས་ཆེན་བོད་མི་ཚོས་སྲུང་བརྩི་གནང་བ། འདིའི་སྐོར་གྱི་ཞིབ་ཕྲའི་གནས་ཚུལ་ང་ཚོའི་ས་གནས་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།


དེ་ཡང་སྤྱི་ཟླ་༩བའི་ཚེས་༢ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས། བོད་འབངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་རས་གནང་ནས་ལོ་ངོ་༥༥འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་དང་། མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གཏམ་བཤད་སྒྲོག་སྦྱངས་གནང་བའི་ནང་། བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་ནང་གསལ་འོས་ཆོས་ཚང་བའི་བོད་མི་ཀུན་གྱི་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་རྒྱུ་གལ་ཆེན་ཡིན་པ་མ་ཟད། བོད་མིའི་འགོ་ཁྲིད་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་དང་འགན་འཁུར་གཉིས་ཀ་མི་མང་ལ་ཡོད་ཅེས་དང་། ཡང་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་མིར་བཞུགས་མཁན་དང་རྒྱབ་སྐྱོར་གནང་མཁན་ཀུན་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་ཀྱི་ཁྱད་རྣམ་མ་དོར་བའི་སྒོ་ནས་གཏམ་བཤད་དང་བསྒྲགས་གཏམ་སོགས་གནང་དགོས་ཞེས་གལ་ཆེ་ནན་ཏན་གྱི་འབོད་བསྐུལ་ཞུས་འདུག
ད་དུང་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་བ་བཙུགས་ནས་ལོ་༥༠འཁོར་བའི་དུས་སྟོན་ཟེར་བ་དེ་སྲུང་བརྩི་བྱེད་པའི་གནས་སྟངས་མི་འདུག་ལ། ཡ་ང་བའི་དུས་དྲན་ཞིག་ཏུ་ངོས་འཛིན་གྱིས་བོད་མི་ཚོས་དྲན་གསོ་བྱེད་དགོས་སྐོར་གསུངས་སོང་།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་སྐབས། བཙན་བྱོལ་བོད་མིའི་འོས་བསྡུའི་བྱ་རིམ་འདིར་འཛམ་གླིང་ས་ཕྱོགས་གང་ས་ནས་ཐུགས་སྣང་ཆེན་པོས་གཟིགས་བཞིན་ཡོད་པས། མང་གཙོའི་ནང་དོན་འོས་བསྡུའི་ལས་དོན་དང་འབྲེལ་བའི་ལས་ཀྱི་སྣེ་མོར་གཏོགས་པ་ཀུན་གྱིས་ཀྱང་འོས་བསྡུའི་ལས་དོན་གང་ཡང་ཁྲིམས་སྒྲིག་དང་མཐུན་ཞིང་དྲང་བདེན་ངང་གནང་སྟེ་ཕྱིས་འབྱུང་རྩོད་རྙོག་གམ་གླེང་ལྷག་རིགས་མི་འབྱུང་བའི་ཐུགས་འགན་གཟབ་ནན་གནང་གལ་ཆེ་ཞེས་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུ་བ་དང་། ཡང་ཁོང་གིས་དེ་རིང་བཙན་བྱོལ་བོད་མི་རྣམས་ཀྱིས་རང་དབང་དམངས་གཙོའི་དུས་དྲན་ཉིན་མོ་སྲུང་བརྩི་ཞུ་བའི་དུས་ཚོད་གལ་ཆེ་ཞིག་ཆགས་ཡོད་ནའང། གཞིས་ལུས་རྒྱ་ཆེའི་སྤུན་ཟླ་མི་མང་རྣམས་རྒྱ་གཞུང་གི་བཙན་དབང་འོག་དམངས་གཙོ་དང། རང་དབང། དྲང་བདེན་བཅས་མེད་ཁར། ཉེས་མེད་བོད་མི་མང་པོ་བཙོན་འཇུག་སོགས་མནར་གཅོད་ཀྱི་སྡུག་བསྔལ་མྱོང་བཞིན་ཡོད་པ་དང། རྒྱ་ནག་རྒྱ་ཆེའི་མང་ཚོགས་རྣམས་ཀྱང་རྒྱ་ནག་དམར་པོའི་སྲིད་གཞུང་གི་མགོ་འཁྲིད་ཚོའི་གཅིག་སྡུད་ཀྱི་དབང་བྱུས་འོག་འཛམ་གླིང་ཡུལ་གྲུ་གཞན་ལྟར་གང་ཅིའི་རང་དབང་མེད་པའི་གནས་སྟངས་ཀུན་གྱིས་མཁྱེན་གསལ་ལྟར། དེང་སང་དཀྱིལ་ཤར་ཡུལ་གྲུ་སོགས་ཀྱི་ནང་དུ་རང་དབང་དམངས་གཙོའི་ལམ་ལུགས་ལ་དོ་སྣང་དང་འགྱུར་བ་ཤུགས་ཆེ་འགྲོ་བཞིན་པ་ལྟར། རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་ཀྱང་རིམ་པས་རང་དབང་དམངས་གཙོ་ཅན་དུ་བསྒྱུར་སླད་རྒྱལ་སྤྱིའི་ཁྱོན་ནས་གནོན་ཤུགས་ནན་ཏན་སྤྲོད་དགོས་པ་དུས་ཚོད་ཀྱི་དགོས་མཁོ་ཤིན་ཏུ་གལ་ཆེ་ཞིག་ཏུ་མཐོང་ཞེས་སོགས་གསུངས་འདུག
དེ་བཞིན་མཛད་སྒོའི་དམིགས་བསལ་སྐུ་མགྲོན་ལྕམ་ Meneka Gandhi མཆོག་གིས་བོད་མིའི་རྒྱལ་ཞེན་དང་མི་རིགས་ཀྱི་ངོ་བོ་གཅེས་འཛིན་བྱེད་བཞིན་པར་རྗེས་སུ་ཡི་རང་ཡོད་སྐོར་གསུངས་འདུག
མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུས་གཞུང་གི་བུད་མེད་དང་བྱིས་པའི་ལས་འཆར་ཡར་རྒྱས་བློན་ཆེན་ལྕམ་མི་ནི་ཀཱ་གྷན་རྡི་Meneka Gandhiམཆོག་རྣམ་གཉིས་ཀྱི་གཙོས་དེ་མིན་གྱི་གྲོས་ཚོགས་འཐུས་མི་ ༤ བཅས་ཆེད་ཕེབས་གནང་ཡོད་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་གཙོས་སེར་སྐྱ་མི་དམངས་སྟོང་ཕྲག་ཁ་ཤས་འཛོམས་ཡོད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་ཀླུ་འབུམ།

༄༅། །ཡང་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་མ་དང་དགེ་རྒན་ཚོ་མཉམ་འཛོམས་ཀྱིས་བོད་ཀྱི་མང་གཙོ་དུས་ཆེན་ཉིན་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་གནང་འདུག དེའི་སྐོར་ང་ཚོའི་གསར་འགོད་པ་བསོད་ནམས་སྟོབས་རྒྱས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།