བོད་མི་ཚོས་མང་གཙོ་དུས་ཆེན་ཐེངས་༥༤སྲུང་བརྩི་གནང་འདུག

བཞུགས་སྒར་རྡ་རམ་སཱ་ལར་བོད་མི་ཚོས་མང་གཙོ་དུས་ཆེན་སྲུང་བརྩི་གནང་བཞིན་པ། ༢༠༡༤།༩།༢
བཞུགས་སྒར་རྡ་རམ་སཱ་ལར་བོད་མི་ཚོས་མང་གཙོ་དུས་ཆེན་སྲུང་བརྩི་གནང་བཞིན་པ། ༢༠༡༤།༩།༢ (ཨེ་ཤེ་ཡ་རང་དབང་རླུང་འཕྲིན། )

དེ་ཡང་བཞུགས་སྒར་རྡ་རམ་ས་ལའི་མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཀྱི་ཚོགས་གཙོ། སྲིད་སྐྱོང་སོགས་དབུ་བཞུགས་ཀྱིས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ཀྱི་འཐུས་མི་ཤྲི་རཱ་ཝི་ཋ་ཀུར་སྐུ་མགྲོན་གྱི་གཙོ་བོར་གདན་འདྲེན་ཞུས་ནས་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་༥༤པ་སྲུང་བརྩི་ཞུས་ཡོད་པ་དང་། བཀའ་ཤག་གི་གསུང་འཕྲིན་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོའི་ལམ་ལུགས་གསོལ་རས་གནང་བ་ལ་བརྟེན་ནས་བོད་མི་རྣམས་མ་འོངས་པར་སོ་སོའི་རྐང་པའི་ཐོག་ལངས་ཐུབ་པ་དང་། བོད་དོན་བདེན་པའི་འཐབ་རྩོད་ཀྱི་ལས་འགན་མང་ཚོགས་ནས་ཁུར་རྒྱུའི་འགན་དབང་གནང་ཡོད་སྟབས། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ནི་མགྱོགས་མྱུར་བོད་དོན་བདེན་མཐའ་གསལ་ཐབས་བྱེད་རྒྱུ་དེ་ཡིན། འོན་ཀྱང་ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་གྱི་བར་མང་གཙོའི་སྒྲིག་འཛུགས་དང་དེའི་ལག་ལེན་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བ་བྱ་དགོས་པ་མ་ཟད། དེའི་ནང་གི་གལ་འགངས་ཆེ་ཤོས་ནི། མང་གཙོའི་ཐོབ་ཐང་བེད་སྤྱོད་ལོག་པར་མ་སོང་བྱ་རྒྱུ་དེ་ཡིན་པ་རེད། དཔེར་ན་སྨྲ་བརྗོད་རང་དབང་ནི་མང་གཙོའི་ཀ་བ་བཞི་པ་ལྟ་བུ་ཡིན། འོན་ཀྱང་སྨྲ་བརྗོད་རང་དབང་གི་གོ་དོན་རྒྱུ་མཚན་ཁུངས་ལུང་མེད་པར་གང་བྱུང་སྐྱོན་བརྗོད་བྱེད་ཆོག་པ་ཞིག་མིན་ལ། སྲིད་བྱུས་བྱེ་བྲག་པ་གཅིག་ལ་མོས་མཐུན་མེད་མཁན་ཞིག་ཡིན་ན། སོ་སོས་མོས་མཐུན་བྱེད་མ་ཐུབ་པའི་རྒྱུ་མཚན་རྣམས་གང་ཟག་སྒེར་ལ་སྐྱོན་བརྗོད་དང་འཁོན་འཛིན་མེད་པའི་སྒོ་ནས་གསལ་སྟོན་བྱེད་ཐུབ་པ་ཞིག་དགོས། དེ་ལྟར་བྱས་ན་མང་གཙོའི་ལམ་ལུགས་དང་མཐུན་པར་དོན་སྙིང་ལྡན་པའི་བགྲོ་གླེང་ཡོང་རྒྱུ་དང་། མང་ཚོགས་ནས་ཀྱང་དངོས་ཡོད་གནས་ཚུལ་ཤེས་པར་ཕན་ཐོགས་ཡོད།
མང་གཙོའི་སྤྱི་ཚོགས་ནང་བསམ་ཚུལ་མི་འདྲ་བ་ཡོང་ཆོག་པ་དང་། བསམ་ཚུལ་མི་འདྲ་བ་ཡོད་པ་དེ་དག་འགལ་རྐྱེན་མ་ཡིན་པར་མཐུན་རྐྱེན་དུ་འགྱུར་བ་བྱ་རྒྱུ་ནི་མང་གཙོའི་རིང་ལུགས་ཀྱི་ཁྱད་ཆོས་ཡིན་ཞིང་། མང་གཙོའི་ཐོབ་ཐང་ལོངས་སུ་སྤྱོད་པ་དང་མཉམ་དུ་མང་གཙོའི་ལས་འགན་ཡང་སྒྲུབ་དགོས་པ་ཡིན། ཁྱད་པར་བོད་སྤྱིའི་རྩ་དོན་དང་བོད་མིའི་གོང་བུ་གཅིག་སྒྲིལ་གྱི་ནུས་པ་མ་ཉམས་པ་ཞིག་དགོས་རྒྱུ་གལ་ཆེན་པོ་ཡིན་ཞེས་སོགས་བཀོད་འདུག དེ་བཞིན་བོད་མི་དམངས་སྤྱི་འཐུས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་སྒྲོག་སྦྱང་ཞུས་པའི་སྤྱི་འཐུས་ཀྱི་གསུང་བཤད་ནང་། སྤྱིར་རླབས་ཆེན་གྱི་མང་གཙོའི་རིང་ལུགས་མངོན་འགྱུར་བྱ་རྒྱུར་འཛམ་གླིང་རྒྱལ་ཁབ་མི་ཉུང་བ་ཞིག་གི་ལོ་རྒྱུས་བརྒྱུད་རིམ་གྱི་ཁྲོད། དམག་འཁྲུག་དང་། སྒེར་ལངས། འཐབ་རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། སྲིད་དབང་མི་མང་གིས་བཟུང་རྒྱུར་འབད་པའི་ནུས་ཤུགས་མངོན་གྱུར་བྱུང་དང་འབྱུང་བཞིན་པ་ཡིན་ན་ཡང་། བོད་མིའི་སྤྱི་ཚོགས་ཀྱི་ཡང་དག་པའི་མང་གཙོའི་ལམ་ལུགས་འདི་བཞིན་མང་ཚོགསས་ཀྱིས་འཐབ་རྩོད་དང་འཁྲུག་སློང་སོགས་ཕྲ་མོ་ཙམ་ཡང་བྱེད་མི་དགོས་པར། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་བརྩེ་ཆེན་པོས་བོད་རྒྱ་ཆེའི་མང་ཚོགས་ལ་གསོལ་རས་སྩལ་བ་ཞིག་ཡིན་སྟབས། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་མང་གཙོའི་ལམ་སྲོལ་དང་མཐུན་པའི་འགན་འཁུར་ཚུལ་བཞིན་དུ་གནང་མ་ཐུབ་ཚེ་གནས་སྟངས་ཇི་ཆགས་ཆ་མ་འཚལ་བས། མགོན་པོ་གང་གི་བཀའ་དྲིན་དང་ཐུགས་རེ་སྙིང་བཅངས་ཀྱིས་བོད་བསྟན་སྲིད་མི་རིགས་དང་བཅས་པའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྒོ་ཀུན་ནས་ལྷོད་གཡེང་དུ་མ་སོང་བ་བྱེད་གལ་ཆེ་བ་གསུངས་འདུག

གསར་འགོད་པ་ཉི་མ་གཡུ་སྒྲོན་དང་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་སྐལ་ལྡན་བློ་གྲོས།

བཞུགས་སྒར་དུ་དམངས་གཙོ་དུས་དྲན་ཐེངས་༥༤པ་སྲུང་བརྩི་ཞུས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བར་གསན་རོགས་ཞུ༎

(Tamdin Wangchuk)

གསར་འགོད་པ་བློ་བྷེ།

རྒྱ་གར་ལྷོ་ཕྱོགས་སུ་དམངས་གཙོ་དུས་དྲན་ཐེངས་༥༤སྲུང་བརྩི་ཞུས་ཡོད་པའི་སྐོར་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎

གསར་འགོད་པ་ཀུན་བཟང་བསྟན་འཛིན།