བོད་དིང་རིའི་ས་ཡོམ་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་བཞུགས་སྒར་རྡ་རམ་ས་ལ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་ཞག་ཞེ་དགུའི་མཆོད་འབུལ་སྨོན་ལམ་གནང་བཞིན་འདུག
བོད་ཀྱི་གཙང་ལ་སྟོད་དིང་རི་རྫོང་ཁོངས་དང་ལྷ་རྩེ་རྫོང་ཁོངས་བཅས་སུ་ཟླ་ ༡ ཚེས་ ༧ ཉིན་ས་ཡོམ་གྱི་གོད་ཆག་བྱུང་སྟེ། རྒྱ་ནག་གཞུང་གིས་བཏོན་པའི་གྲངས་འབོར་ནང་མི་མང་ ༡༢༦ ལྷག་རྐྱེན་ལམ་དུ་ཤོར་བ་སོགས་ཀྱིས། བོད་ནང་རྒྱ་ནག་གཞུང་གིས་བཀག་འགོག་ཆེན་པོ་བྱས་མིན་ལ་མ་ལྟོས་པར། བོད་ཀྱི་མདོ་དབུས་ཁམས་གསུམ་ནས་བོད་མི་ཚོས་རོགས་སྐྱོར་ཤུགས་ཆེ་གནང་སྟེ་གདུང་ཤུགས་གཅིག་སྒྲིལ་གནང་གི་ཡོད་པ་དང་མཚུངས་སུ། བཙན་བྱོལ་དུའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་སྒྱུར་གྱིས། བོད་མི་ཚོས་གཞུང་སྒེར་གཉིས་ཀའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་གནང་དང་གནང་བཞིན་པ་ལྟར། དིང་རི་སོགས་སུ་ས་ཡོམ་གྱི་དབང་གིས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་བདུན་ཚིགས་བདུན་པའམ་ཞག་ཞེ་དགུ་སྲུང་བརྩིའི་མཆོད་འབུལ་སྨོན་ལམ་ཞིག དབུས་གཙང་ཆོལ་ཁ་གཙོས་པའི་འབྲེལ་ཡོད་སྐྱིད་སྡུག་ཚོགས་པ་ཁག་བཞི་ནས་གོ་སྒྲིག་གནང་སྟེ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཟླ་ ༢ ཚེས་༢༤ ཉིན་འཚོགས་ཡོད་པ་དང་། དབུས་གཙང་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས། བོད་ནང་ཡོད་པ་ཚོས་ད་བར་ལྷག་བསམ་རྣམ་དག་དང་བློ་སྟོབས་ཆེན་པོའི་སྒོ་ནས། བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་བློས་གཏོང་གནང་གི་ཡོད་པས།བོད་ནང་འབྱུང་བའི་དཀའ་ངལ་འཕྲད་སྐབས་སེམས་ཤུགས་མ་ཆག་པ་དང་། གདུང་སེམས་མཉམ་བསྐྱེད་མཚོན་པར་མཆོད་འབུལ་སྨོན་ལམ་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག
རྡ་རམ་ས་ལ་ཙམ་དུ་མ་ཟད་དབུས་གཙང་ཆོལ་ཁའི་ས་གནས་རྒྱུན་ལས་ཡོད་པའི་རྒྱ་གར་ནང་དང་ཨ་མི་རི་ཀ ཡོ་རོབ་དང་བལ་པོ་སོགས་རྒྱལ་ཁབ་འདྲ་མིན་གྱི་ནང་བོད་དུ་ས་ཡོམ་གྱི་རྐྱེན་པས་རྐྱེན་འདས་སོང་བ་ཚོར་དམིགས་ཏེ། བདུན་ཚིགས་རེ་རེ་བཞིན་སྲུང་བརྩིའི་སྨོན་ལམ་གནང་ཡོད་པ་དང་། སྨོན་ལམ་དེ་ཚོ་ཆ་ཚང་གཙང་ལ་སྟོད་ཙམ་མིན་པར་བོད་ནང་མགོ་ལོག་རྨ་སྟོད་དུ་ས་ཡོམ་བརྒྱབ་པ་དང་། ཨ་མི་རི་ཀར་མེ་སྐྱོན་བྱུང་བ་དང་ཡུ་ཀི་རན་གྱི་དམག་འཁྲུག་སོགས་ཀུན་ལའང་དམིགས་ཡོད་པ། དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ནས་འགྲེལ་བརྗོད་གནང་གི་འདུག
མཆོད་འབུལ་སྨོན་ལམ་དུ་བཅར་མཁན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐལ་བཟང་སྒྲོལ་མ་ལགས་ནས། བོད་ནང་ས་ཡོམ་གྱི་འབྱུང་བའི་གནོད་འཚེ་ཤུགས་ཆེ་བྱུང་བ་དེར། ང་ཚོ་བཙན་བྱོལ་བོད་མི་ཚོས་གདུང་སེམས་མཉམ་བསྐྱེད་མཚོན་པར། ང་ཚོ་ས་གནས་ས་ཐོག་ཏུ་སླེབས་མ་ཐུབ་ནའང་ཁོང་རྣམ་པ་དང་མཉམ་དུ་ཡོད་ཅེས། མཆོད་མེ་སྤར་བ་དང་སྨོན་ལམ་འདོན་པ་སོགས་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
བོད་ནང་དིང་རི་རྫོང་ཁོངས་སོགས་སུ་ས་ཡོམ་གྱི་གནོད་པས་བོད་མི་མང་པོ་རྐྱེན་ལམ་དུ་ཕྱིན་ཡོད་ནའང་། རྒྱ་ནག་གཞུང་གིས་བཙན་གྱིས་ས་གནས་བོད་མི་ཚོར་རྒྱ་ནག་ལུགས་ཀྱི་ལོ་གསར་གཏོང་བཅུག་པ་དང་། ལྷག་པར་ལོ་གསར་མི་གཏོང་མཁན་ཚོར་རྒྱ་ནག་གཞུང་གི་རོགས་སྐྱོར་མཚམས་འཇོག་གི་འཇིགས་སྐུལ་སོགས་བྱེད་བཞིན་ཡོད་ཅིང་། བཙན་བྱོལ་བོད་མི་ཚོས་བོད་ནང་ས་ཡོམ་གྱིས་རྐྱེན་འདས་སུ་སོང་བ་ཚོའི་ཆེད། བདུན་ཚིགས་བདུན་པ་འདིར་འཛམ་གླིང་ཡུལ་གྲུ་གང་སའི་ནང་མཆོད་འབུལ་བསྔོ་སྨོན་གནང་གི་ཡོད་པ་རེད། །
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།