མཚོ་སྔོན་པོའི་མཐའ་རུ་མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག་བསྐྱར་དུ་འགོ་བཙུགས།
2018.07.27

བོད་ནང་གི་མཚོ་སྔོན་པོ་མཐའ་རུ་ཡོད་པའི་ཅང་ཤེས་ཡུལ་མཚོ་དང་གར་ལ་སྡེ་བ་བཅས་སུ་རྒྱ་གཞུང་གིས་བཀོད་ཁྱབ་འོག་མང་ཚོགས་ཀྱིས་འགྲོ་གྲོན་ཕོན་ཆེན་བཏང་སྟེ་གསར་རྒྱག་བྱས་བའི་ཁང་པ་མང་པོ་ཞིག་གཏོར་བཤིག་བྱེད་བཞིན་ཡོད་འདུག་པ་དང་། འདས་པའི་ཉིན་ཤས་རིང་ལ་ཅང་ཤེས་ཡུལ་མཚོ་དང་གར་ལ་སྡེ་བ་བཅས་སུ་སྡོད་ཁང་བརྒྱ་བརྒལ་བ་གཏོར་ཏེ་ཤུལ་མེད་བཟོས་ཡོད་པ་མ་ཟད། ད་ལྟ་རྟ་ནག་མ་ཡུལ་མཚོའི་བོད་མིའི་སྡོད་ཁང་གཏོར་བཞིན་པའི་སྐོར་སོགས་བོད་ནང་གི་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་ཡོད་པ་རེད། བདེ་འཇགས་སྲུང་སྐྱོབ་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་དེས་གསུངས་པར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་༡༢་ཉིན་ནས་བཟུང་ཅང་ཤེས་ཡུལ་མཚོ་ནས་མགོ་བཙུགས་དེ་མང་ཚོགས་ཀྱི་སྡོད་ཁང་གཏོར་བཤིག་གཏོང་མགོ་ཚུགས་པ་དང་། སྤྱིར་བཏང་ཁང་པ་དེ་དག་ནི་མང་ཚོགས་རང་རང་སོ་སོའི་ངོས་ནས་ཁྱིམ་ཚང་གི་དཔལ་འབྱོར་ཡོད་ཚད་དང་དེའི་སྟེང་ལ་དངུལ་ཁང་དང་དགའ་ཉེ་སོགས་ལ་དངུལ་གཡར་ནས་ཕྱི་ལོ་ ༢༠༡༣ ལོ་ནས་གསར་རྒྱག་བྱས་ཡོད་འདུག འབྲོག་པ་རྣམས་ཡིག་རྨོངས་བ་དང་རྒྱལ་ཁབ་ཀྱི་ཁྲིམས་ལ་རྒྱུས་མངའ་ཆེར་མེད་པས་རང་རང་གི་ས་ཐོག་དུ་ཁང་པ་རྒྱབ་བ་ནི་རྒྱལ་ཁབ་ཀྱི་ཡར་རྒྱས་འཛུགས་སྐྲུན་གྱི་ཁོངས་སུ་འགྲོ་ངེས་ཡིན་པར་གཞིར་བཞག་ནས་བསྡད་པ་དང་། ད་ཆ་སྲིད་གཞུང་གིས་མང་ཚོགས་ཀྱི་ཁང་པ་རྒྱབ་དགོས་ཚེ་ཐོག་མར་རྒྱལ་ཁབ་ལ་སྙན་ཞུ་ཕུལ་དགོས་པདང་དེ་ལྟར་མཆོག་མཆན་མ་ཐོབ་ན་ཁྲིམས་དང་འགལ་བ་ཡིན་པས་ད་ལྟ་ཁང་པ་དེ་དག་གཏོར་དགོས་ཟེར་ནས་ལས་ཀ་བྱེད་མཁན་དང་འཕྲུལ་ཆས་ཁྱེར་ཡོང་ནས་གཏོར་བཞིན་པ་མ་ཟད་། དེ་དང་མཉམ་དུ་དམག་མི་ཡང་ཡོང་ནས་བཙན་དབང་གིས་གཏོར་གྱི་ཡོད་པ་རེད་ཅེས་སོགས་བརྗོད་འདུག གཞན་ཡང་ཤེས་རྟོགས་བྱུང་བ་ལྟར་ན་ཟླ་བ་འདིའི་ཕྱི་ཚེས་༢༦་ཉིན་མཚོ་སྔོན་པོའི་ཉེ་འགྲམ་དུ་རྐང་འཁོར་བསྐོར་སྐྱོད་བྱེད་ཀྱི་ཡོད་པས་ཕྱི་ཚེས་༢༤་ནས་༢༦་བར་ཉིན་གཉིས་རིང་ཁང་པ་གཏོར་འཚམས་བཞག་ཡོད་ན་ཡང་ཕྱི་ཚེས་༢༧་ཉིན་ནས་བཟུང་མུ་འཐད་དུ་གར་ལ་སྡེ་བ་ནས་གཏོར་འགོ་ཚུགས་ཡོད་པ་དང་འཆར་གཞི་ལྟར་ན་རྟ་ནག་མ་ཡུལ་མཚོའི་སྟེང་དུ་སྡོད་ཁང་བརྒྱ་ལྷག་གཏོར་རྒྱུ་ཡིན་པའི་བརྡ་ཁྱབ་ཁང་སྒོའི་ཐོག་སྦྱར་ཡོད་འདུག ད་དུང་གཞུང་གི་ལས་བྱེད་མི་སྣའི་བརྗོད་དོན་ལྟར་ན། གལ་ཏེ་གཏོར་བཤིག་གཏོང་བཞིན་པའི་ཁང་པའི་བདག་པོ་མང་ཚོགས་ཀྱིས་ཁོང་ཚོས་བྱ་བ་སྒྲུབ་བཞིན་པ་དེ་དངས་ལེན་མ་བྱས་པར་བཀག་འགོག་བྱེད་པའམ་ཡང་ན་ཁྲིམས་གཏུག་སོགས་བྱས་ཚེ་མང་ཚོགས་རྣམས་འཛིན་བཟུང་བཙོན་འཇུག་བྱས་དེ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་བརྗོད་ཡོད་པར་བརྟེན་མང་ཚོགས་རྣམས་ལ་དམིགས་བསལ་ཁང་པ་རྒྱབ་ཆོག་པའི་ཆོག་མཆན་མེད་སྟབས་ཁྲིམས་གཏུག་དང་བཀག་འགོག་སོགས་གང་ཡང་བྱེད་མ་ཐུབ་པར་ཁང་པའི་ནང་གི་ཅ་དངོས་ཚང་མ་ཕྱི་ལོགས་སུ་བརྩིགས་ནས་བསྡད་དགོས་བྱུང་ཡོད་འདུག།གསར་འགོད་པ་འཆི་མེད།