རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་རྒྱན་རྩེད་བྱེད་བཞིན་པ་དེས་བོད་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་ཅེས། སྲིད་ཚབ་ཀྱིས་གསུངས་པ།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༡༠ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས། ལོ་ངོ་ ༣༥ འཁོར་བའི་དུས་དྲན་སྲུང་བརྩིའི་གཞུང་འབྲེལ་མཛད་སྒོ་ཞིག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འཚོགས་སོང་བ་དང་། སྐབས་དེར་སྲིད་ཚབ་བདེ་སྲུང་བཀའ་བློ་རྒྱ་རི་སྒྲོལ་མ་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་ནང་། ༧གོང་ས་མཆོག་གི་ཐུགས་ཀྱི་མཛད་འགན་བཞི་ལས་བོད་དོན་བདེན་མཐའ་སེལ་ཐབས་དང་བོད་ཀྱི་ཆོས་དང་རིག་གཞུང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གླེང་བ་དང་འབྲེལ། བོད་ནང་རྒྱ་ནག་གཞུང་གིས་སྤེལ་བཞིན་པའི་ལས་གཞི་དེ་དག་རྒྱ་ནག་འགོ་ཁྲིད་ཚོས་ཚན་རིག་གི་ལམ་ནས་བརྟག་དཔྱད་དང་ཞིབ་འཇུག་མེད་པར། རང་སྣང་གང་དྲན་གྱིས་བོད་ཀྱི་ཁོར་ཡུག་ལ་རྒྱན་རྩེད་བྱེད་བཞིན་པ་དེས། བོད་ཙམ་དུ་མ་ཟད་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་ཆེན་པོ་འཕྲད་སྲིད་པའི་སྐོར་གསུངས་སོང་།

གཞན་ཡང་དེ་རིང་གི་ཉིན་མོ་དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཡང་འཁེལ་གྱི་ཡོད་པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་བའི་ནང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ནས་མི་ལོ་ ༧༦ འགྲོ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ད་ཆའང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་ཡོད་པར། རྒྱ་གཞུང་ནས་ཡོ་བསྲང་གིས་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་རང་དབང་སྤྲོད་དགོས་པ་ནན་སྐུལ་ཞུས་གནང་སོང་།

ཐེངས་འདིའི་དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག སྐུ་མགྲོན་གཙོར་ནིའུ་ཛི་ལྦེཎྜ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Joseph Mooney ལགས་དང་། དམིགས་བསལ་སྐུ་མགྲོན་དུ་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ India Foundation ཞེས་རྒྱ་གར་ཐེབས་རྩ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་རྒྱ་གར་དབུས་ གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ Suresh Prabhu ལགས་གཙོས་པའི་གཞན་ནིའུ་ཛི་ལེན་ཌི་དང་ཧྥི་ཇི་གྲོས་ཚོགས་འཐུས་མི་སོགས་ལྷན་བཞུགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་སོང་ལ། སྐབས་དེར་ནིའུ་ཛི་ལྦེཎྜ་གྲོས་ཚོགས་འཐུས་མི་སྐུ་ཞབས་ Joseph Mooney ལགས་ཀྱིས། ༸གོང་ས་མཆོག་གིས་ཞི་བདེའི་སྒོ་ནས་འཛམ་གླིང་ནང་དཀའ་རྙོག་སེལ་ཐབས་ཀྱི་ལམ་སྟོན་གནང་བ་དེ་ནི། དེང་དུས་འཛམ་གླིང་ནང་སྔར་ལས་ལྷག་པ་འབྲེལ་བ་དང་འཚམ་པོ་ཞིག་ཆགས་ཀྱི་ཡོད་ལ། ༸མགོན་པོ་མཆོག་གིས་བཟོད་སྒོམ་དང་ཕན་ཚུན་གུས་བརྩི་ལྡན་པའི་ཐོག་བོད་དོན་བདེན་མཐའ་སེལ་རྒྱུའི་ཐུགས་དགོངས་དེར། ང་ཚོས་གུས་བརྩི་དང་ཐབས་ལམ་བཟང་ཤོས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་གསུངས་སོང་།
ཐེངས་འདེའི་གཞུང་འབྲེལ་གྱི་མཛད་སྒོའི་ཐོག་གཞན་སྐུ་མགྲོན་དུ། ནིའུ་ཛི་ལེན་ཌི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཨིང་གྲིཊ་ལེ་བི་ (Ingrid Leavy) མཆོག་དང་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཧེ་ལེན་ཝ་ཧི་ཊི་ (Helen White) མཆོག ཕི་ཇཱིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་རི་ནེ་ཤ་ཤར་མ་ (Rinesh Sharma) མཆོག རྒྱ་ནག་ལ་ཁ་གཏད་ཆེད་བཙུགས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (Inter-Parliamentary Alliance on China) ཁེན་བྷེ་ར་ཁུལ་གྱི་འབྲེལ་མཐུད་པ་ཀེ་བིན་མུ་ནི་ (Kevin Mooney) ལགས། བློ་འདོན་ལྟེ་གནས་ཁང་ (India Foundation) གི་ཁྱད་མཁས་མི་སྣ་དང་། རྒྱ་གར་གྱི་གསར་འགོད་པ་རྒན་གྲས་ཁག་ཅིག་སོགས་ཕེབས་གནང་འདུག་པ་དང་། མཛད་སྒོའི་གྲུབ་མཚམས་ཁོང་རྣམས་ནས་བོད་དོན་རྒྱབ་སྐྱོར་གྱི་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་སོང་།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།