བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་ལོ་ངོ་༣༤འཁོར་བར། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱིས་དུས་དྲན་སྲུང་བརྩི་གནང་ཡོད་པ།

2023.12.10
བོད་མིའི་དབུ་ཁྲིད་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱིས་ལོ་ངོ་༣༤འཁོར་བར། བཞུགས་སྒར་དུ་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱིས་དུས་དྲན་སྲུང་བརྩི་གནང་ཡོད་པ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་༣༤འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ། ༡༠།༡༢།༢༠༢༣
Photo: RFA

སྤྱི་ལོ་༡༩༨༩ལོར་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ནང་སྙན་གྲགས་ཆེ་བའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་འབུལ་བཞེས་ཀྱིས། ལོ་ངོ་ཧྲིལ་བོ་༣༤འཁོར་བའི་དུས་དྲན་དེ་བོད་མིའི་སྒྲིག་འཛུགས་གཞུང་མང་གཉིས་ཀྱི་ཐོག་ནས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ཟླ་༡༢པའི་ཚེས་༡༠ཉིན་སྲུང་བརྩི་གནང་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། བཀའ་ཤག་གིས་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་དང་གུས་ཕྱག་སྔོན་བསུས་ཀྱི་ཐོག་ནས། དེང་སང་གུང་ཁྲན་ཏང་གིས་སྒྲོག་བཞིན་པའི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ།བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན། བསམ་བློའི་དཔལ་ཡོན་འཛུགས་སྐྲུན་སོགས་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་དུ། བོད་མི་རིགས་རྩ་མེད་གཏོང་རྒྱུ་དེ་རེད་ཅེས། རྒྱ་ནག་གིས་བོད་ཐོག་འཛིན་བཞིན་པའི་སྲིད་ཇུས་ལ་དགག་པ་ཚ་ནན་གནང་གི་འདུག

ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་སྒྲོག་སྦྱངས་གནང་བའི་ནང་། རྒྱ་ནག་གཞུང་གིས་ཉེ་ལམ་བཏོན་པའི་རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་། ༸རྒྱལ་བ་ཡབ་སྲས་ཀྱི་ཡང་སྲིད་ངེས་པར་དུ་རྒྱལ་ནང་ནས་འཚོལ་དགོས་པ་དང་། གསེར་བུམ་དཀྲུག་འདོན། ཀྲུང་དབྱང་གི་ཆོག་མཆན་ཐོབ་དགོས་པ་དེ་རེད། དེ་ནི་བོད་མི་མང་དང་། བོད་བརྒྱུད་ནང་བསྟན་རྗེས་འབྲངས་པ་ཚོས་ནམ་ཡང་ཁས་ལེན་བྱེད་མི་ཐུབ་པ་ཞིག་རེད་ཅེས་ནན་གསུང་གནང་གི་འདུག

གཞན་ཡང་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉི་མ་ལའང་ཁེལ་ཡོད་པས། བཀའ་ཤག་གི་གསུང་འཕྲིན་དུ་གལ་གནད་ཆེ་བའི་ཉིན་མོ་འདི་སྲུང་བརྩི་སྟབས་གཅིག་ཏུ་གནང་གི་ཡོད་པ་གསལ་འཁོད་དང་འབྲེལ་ཏེ། དམར་པོའི་སྲིད་གཞུང་དང་། དེ་དང་རིགས་མཐུན་གྱི་སྲིད་དབང་སྒེར་གཅོད་པ་རྣམས་ཀྱིས་འགྲོ་བ་མི་ཡོད་དོ་ཅོག་ལ་རང་ཆས་སུ་ཡོད་པའི་རང་དབང་དང་། འདྲ་མཉམ་གྱི་ཐོབ་ཐང་བརྡལ་བཤིག་དང་། མི་རིགས་རྩ་གཏོར་གྱི་སྲིད་ཇུས་མངོན་སུམ་འཛེམས་མེད་དུ་སྤེལ་བཞིན་ཡོད་ཅེས་ཀྱང་འཁོད་ཡོད་ཅིང་། དུས་དྲན་མཛད་སྒོ་འདིར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་མདུན་སར། བོད་མིའི་སྤྱི་ཚོགས་སུ་འཕྲོད་ཞབས་པ་ལོ་ངོ་༢༥འཁོར་བ་འགར་ལེགས་གསོལ་བྱ་དགའ་སོགས་གསོལ་རས་ཕུལ་ཡོད་ལ། ནོ་སྦེལ་ཞི་བའི་གཟེངས་རྟགས་ཀྱི་དུས་དྲན་འདི་རྒྱ་གར་ལྷོ་བྱང་གཉིས་ཀའི་བོད་མི་འདུས་སྡོད་ཀྱི་ས་གནས་གང་སར་དོ་གལ་ཆེན་པོའི་སྒོ་ནས་སྲུང་བརྩི་གནང་གི་ཡོད་པ་རེད།

གསར་འགོད་པ། བློ་བྷེ་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎