བོད་མི་མང་སྤྱི་འཐུས་སྐབས་༡༥པའི་ཚོཌ་དུས་གཉིས་པ།
2011.09.16
༄༅༎སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་དེ་རིང་ཕྱི་ཚེས་༡༦ནས་ཕྱི་ཟླ་བཅུ་པའི་ཚེས་༡་བར་ཉིན་གྲངས་བཅོ་ལྔའི་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ནང་དངོས་སུ་་དབུ་འཛུགས་གནང་ཡོད་པ་རེད་
དེ་རིང་སྔ་དྲོ་ཚོུད་བཅུ་པའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ ཚོགས་གཞོན་རྣམ་གཉིས་དང་ བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ་ ཟུར་ཉན་པ་ ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་ གསར་འགོད་པ་བཅས་ཁྱོན་མི་གྲངས་༤༠་བརྒལ་བ་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་གཉིས་པ་དབུ་འཛུགས་ཀྱི་ཐོག་མར་རྟེན་འབྲེལ་གྲུབ་རྗེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་ཡོད་པ་རེད་ ཁོང་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མཚན་གསོལ་རས་སྩལ་གནང་བའི་སྲིད་སྐྱོང་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཀྱི་སྤྱི་འཐུས་ལྷན་ཚོགས་ངོས་ནས་ཕེབས་བསུ་དང་ འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་གནང་ཡོད་པ་དང་ དེ་ནས་རིམ་བཞིན་གསར་དུ་འོས་འདེམས་བྱུང་བའི་སྤྱི་འཐུས་གསུམ་པོར་ཡང་འཚམས་འདྲི་གནང་ཡོད་པ་རེད་ དེ་ནས་མུ་མཐུད་ཚོགས་གཙོ་མཆོག་གིས་གསུང་དོན་ དེ་རིང་གྲོས་ཚོགས་དེའི་ནང་ལས་འགན་ཆེ་ཤོས་བཀའ་བློན་ཁྲི་པ་མཆོག་གིས་བཏོན་གནང་བའི་བཀའ་བློན་རྣམས་འོས་འདེམས་གནང་རྒྱུ་དེ་ཡིན་པ་རེད་ འོས་ཐོབ་བཀའ་བློན་རྣམས་དེ་རིང་ཉིན་རྒྱབ་དམ་བཅའ་ཕུལ་རྗེས་སང་ཉིན་ནས་བཟུང་གྲོས་ཚོགས་ནང་ཕེབས་ཀྱི་ཡོད་པ་རེད་ཅེས་གསུང་ཡོད་པ་རེད་ ཡང་ཚོགས་གཙོ་མཆོག་གིས་མུ་མཐུད་གསུང་ན་ སྐབས་དེར་༧གོང་ས་མཆོག་གིས་འཕྲལ་ཕུགས་རྒྱང་གསུམ་གྱི་དགོངས་པ་ཆེ་བཞེས་ཐོག་མགོན་པོ་གང་ཉིད་མཆོག་ལ་ཆབ་སྲིད་ཀྱི་སྐུ་དབང་གང་ཡོད་རྣམས་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་གནང་ཡོད་ དེར་བརྟེན་འཛིན་སྐྱོང་བཀའ་ཤག་དང་ སྤྱི་འཐུས་ ཚོགས་སྡེ་སོགས་སུ་ཞིག་ཡིན་རུང་སྔར་ལས་མི་འདྲ་བའི་ཐུགས་འགན་འཕར་མ་ཞིག་བཞེས་རྒྱུའི་དུས་ལ་སླེབས་ཡོད་ ང་ཚོ་སྤྱི་འཐུས་ཡིན་ནའང་ལས་འགན་གནང་བ་ལྟར་ཐུགས་འགན་བཞེས་ཐུབ་པའི་དམ་བཅའ་བརྟན་པོ་བཟུང་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན་པ་རེད་སོགས་བཀའ་གནང་འདུག