དཀར་མཛེས་ཁུལ་ཟླ་ཐལ་མའི་ནང་བོད་མི་༢༥༠འཛིན་བཟུང༌།

དཀར་མཛེས་ཁུལ་ཟླ་ཐལ་མའི་ནང་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བཀག་ཉར་བྱས་པ་དང་མི་གྲངས་༡༠སྐོར་ཞིག་ལ་རྨས་སྐྱོན་ཕོག་པ།

༄༅༎ཟླ་འདིའི་ཚེས་༡༤ ཉིན་ཁམས་དཀར་མཛེས་ཁུལ། ཟླ་ཐལ་མའི་ནང་བོད་མི་ཉིས་བརྒྱ་ལྔ་བཅུ་འཛིན་བཟུང་བཀག་ཉར་བྱས་པ་དང་མི་གྲངས་༡༠ སྐོར་ཞིག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་བོད་ཀྱི་བང་ཆེན་ནང་གནས་ཚུལ་བོད་པ་ལྟར་ན། ཟླ་འདིའི་ཚེས་ ༡༤ ཉིན་བོད་མདོ་ཁམས་དཀར་མཛེས། ཟླ་ཐལ་མ་འབྲོག་སྡེ་དེར། དཀར་མཛེས་རྫོང་གི་ཉེན་རྟོག་པའི་མགོ་གཙོ་དང་། གཞན་རྒྱ་ནག་དྲག་ཆས་དམག་མི་སུམ་བརྒྱ་ཙམ་འབྱོར་ནས་ས་གནས་དེའི་ ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་ ཞེས་པའི་ཚོགས་པ་དེ་སྒོ་བརྒྱབ་དགོས་པའི་བཙན་བཀའ་བཏང་བ་དང༌། གནད་དོན་དེ་དང་འབྲེལ་ཡོད་ཚོགས་པ་དེའི་ཚོགས་གཙོ་དོན་རྟོགས་སོགས་བོད་མི་ ༢༥༠ ་འཇུ་བཟུང་བྱས་ཡོད་འདུག
སྐབས་དེར་ས་གནས་བོད་མི་ཚོས་ངོ་རྒོལ་བཀག་འགོག་བྱས་སྟབས། ཉེན་རྟོག་མི་སྣས་མང་ཚོགས་ནང་གང་བྱུང་གཅར་རྡུང་ཚད་མེད་བྱས་ཏེ། བོད་མི་སྐྱ་ཆེན་དང་། རྒྱལ་མཚན། སྐྱ་གཙེས། ཆོས་པོ། བསོད་རིན། སྐྱ་ཐོ། སྐྱ་རིས་སོགས་གཞན་མིང་མ་ངེས་པ་མི་གསུམ་བཅས་བོད་མི་བཅུ་སྐོར་ཞིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་སྨན་ཁང་དུ་བསྐྱལ་དགོས་བྱུང་འདུག
དེ་ནས་ཚེས་༡༥ ཉིན་བོད་མི་སྟོང་ཕྲག་གཉིས་ལྷག་གིས་ངོ་རྒོལ་མུ་མཐུད་བྱས་པར་བརྟེན། འཛིན་བཟུང་བྱས་པའི་བོད་མི་དེ་དག་མང་ཆེ་བ་གློད་བཀྲོལ་བཏང་ཡོད་ཀྱང་། ད་དུང་མི་གྲངས་སུམ་བཅུ་སོ་གསུམ་བཀག་ཉར་བྱས་ཡོད་པ་དང༌། ས་གནས་དེར་བརྡ་འཕྲིན་གྱི་ལམ་ཁ་ཡོངས་རྫོགས་བཀག་ནས་འབྲེལ་མཐུད་བྱེད་མི་ཐུབ་པ་བཟོས་ཡོད་འདུག།
ཟླ་ཡུལ་མཐུན་སྒྲིལ་ཚོགས་པ་དེ་ནི་ཕྱི་ལོ་ ༢༠༠༨ ལོར་ས་གནས་སྡེ་ཤོག་བཅུ་གསུམ་གྱི་གནད་ཡོད་མི་སྣ་ཁག་གཅིག་གིས་གསར་འཛུགས་བྱས་པ་དང་། ལས་དོན་གཙོ་བོ་ནི་སྡེ་བ་ཕན་ཚུན་གྱི་བོད་མི་ནང་ཁུལ་དུ་རྙོག་གྲའི་རིགས་མི་འབྱུང་བར་ཐུན་སྒྲིལ་ཡོང་ཆེད་ཡིན་འདུག