རྒྱ་ནག་ཁྱོན་ཡོངས་ནང་ཏོག་དབྱིབས་འགོས་ནད་ཕོག་པའི་མི་གྲངས་ཁྱོན་ས་ཡ་ ༢༤༨ ཙམ་བྱུང་ཡོད་འདུག

2022.12.22
རྒྱ་ནག་ཁྱོན་ཡོངས་ནང་ཏོག་དབྱིབས་འགོས་ནད་ཕོག་པའི་མི་གྲངས་ཁྱོན་ས་ཡ་ ༢༤༨ ཙམ་བྱུང་ཡོད་འདུག
ཨེ་ཨེཕ་པི།

རྒྱ་ནག་གཞུང་འཕྲོད་བསྟེན་བདེ་ཐང་གིས་ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ཚོགས་འདུ་ཚོགས་སྐབས་ཀྱི་ཚིག་ཐོ་ཡིན་པ་བརྗོད་ཡོད་ཅིང་། དེར་བརྟེན་རྒྱ་ནག་གཞུང་གི་གསང་བའི་ཡིག་ཆ་ཞིག་ཡིན་པ་རེད། ཡིག་ཆ་འདིའི་འདྲ་བཤུས་ཤིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒོང་ཏུང་སྐད་གདངས་སྡེ་ཚན་ལ་ལག་ཐོབ་བྱུང་འདུག  ལག་ཐོབ་བྱུང་བའི་ཡིག་ཆ་འདིའི་ནང་ཉེ་བའི་དུས་ཚོད་ནང་ནད་ཡམས་ཁྱབ་གདལ་ཕྱིན་པའི་གལ་ཆེའི་གྲངས་ཐོ་ཁག་ཅིག་བཏོན་འདུག་པར་གཞིགས་ན།  ལོ་འདིའི་ཟླ་༡༢ཚེས་༡ནས་ཚེས་༢༠བར་རྒྱ་ནག་ཁྱོན་ཡོངས་ནང་ཏོག་དབྱིབས་འགོས་ནད་ཕོག་པའི་མི་གྲངས་ཁྱོན་ས་ཡ་ ༢༤༨ (དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་བརྒྱད་) ཙམ་བྱུང་ཡོད་ཅིང་། འདི་ནི་རྒྱ་ནག་མི་དམངས་ཀྱི་རྩ་འབོར་གྱི་བརྒྱ་ཆ་ ༡༧་༦༥ ཙམ་ཟིན་གྱི་ཡོད་པ་བརྗོད་འདུག ཕྱི་ཟླ་ ༡༢ ཚེས་ ༢༠ གཅིག་པུར་མཚོན་ན།          རྒྱ་ནག་ཁྱོན་ཡོངས་ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་གྲངས་འབོར་ས་ཡ་ ༣༧ ཙམ་ཟིན་ཡོད་པ་ཚོགས་འདུ་དེའི་ཐོག་གསལ་སྟོན་བྱས་ཡོད་པ་ཡིག་ཆ་དེའི་ནང་གསལ་འདུག
རྒྱལ་སྤྱིའི་ནང་གི་ནད་ཡམས་ཁྱབ་གདལ་གནད་དོན་ཐད་ཞིབ་འཇུག་པ་དང་མཁས་པ་ཚོས་ཕྱི་ལོ་ ༢༠༢༣ ལོའི་ནང་། རྒྱ་ནག་ནང་མི་ས་ཡ་གཅིག་ལྷག་ཏོག་དབྱིབས་རིམས་ནད་ཕོག་སྟེ་འདས་གྲོངས་སུ་འགྲོ་རྒྱུའི་ཚོད་དཔག་གནང་གི་ཡོད་ཅིང་། ད་ཆ་རྒྱ་ནག་ནང་ཁྱབ་གདལ་འགྲོ་བཞིན་པ་ནི་Omnicorn ནད་རྟགས་ཅན་གྱི་ཏོག་དབྱིབས་རིམ་ནད་གྱི་རྣམ་པ་འགྱུར་ལྡོག་ཕྱིན་པ་ BF.7 ཟེར་བ་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་པ་རེད། ད་ཆ་རྣམ་པ་འགྱུར་བའི་ནད་ཡམས་ BF.7 ཟེར་བ་དེ་རྒྱ་གར་ནང་དུ་ཡང་སླེབས་ཡོད་པ་རྒྱ་གར་གཞུང་གིས་གསལ་བསྒྲགས་གནང་འདུག  རྒྱ་གར་དབུས་གཞུང་དང་ས་གནས་གཞུང་སོ་སོས་ནད་ཡམས་ཁྱབ་གདལ་བཀག་སྡོམ་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་པ་དང་། དཔེར་ན་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀའི་གཞུང་གིས། ཚོགས་ཁང་དང་ཚོང་ཁང་སོགས་ཁང་པའི་ནང་གི་འདུ་འཛོམས་སྐབས་ངེས་པར་ཁ་རས་གྱོན་དགོས་པའི་ཁྲིམས་ལུགས་སླར་ཡང་གཏན་འབེབས་གནང་འདུག
ཟླ་༡༢ཚེས་༢༠གཅིག་པུར་མཚོན་ན། ཏོག་དབྱིབས་འགོས་ནད་ཕོག་པའི་མི་གྲངས་བྱེ་བ་གསུམ་དང་ས་ཡ་བདུན་ཡིན་པ་དང་། གྲངས་འབོར་འདི་ནི་རྒྱ་ནག་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་པའི་གྲངས་འབོར་ལས་སྟོང་ཕྲག་ཁ་ཤས་ཀྱི་མང་བ་ཡོད་པ་རེད།
ད་དུང་ཡིག་ཆ་དེའི་ནང་པེ་ཅིང་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་མི་འབོར་བརྒྱ་ཆ་ལྔ་བཅུ་ལྷག་ལ་ཏོག་དབྱིབས་ནད་ཡམས་ཕོག་ཡོད་པའི་ཚོད་དཔག་བྱས་འདུག་ལ། སི་ཁྲོན་ཞིང་ཆེན་ནང་ནད་ཡམས་ཧ་ཅང་མྱུར་པོའི་ཐོག་ནས་ཁྱབ་གདལ་འགྲོ་བཞིན་ཡོད་པ་ཡང་བརྗོད་འདུག
རོལ་ཌར་གསར་ཁང་ནས་ཚེས་༢༢ཉིན་སྤེལ་བའི་གནས་ཚུལ་ནང་འཕྲོད་བསྟེན་གྲངས་ཐོའི་ཚན་པ་ Airfinityཟེར་བས་ཚོད་དཔག་བྱས་པ་ལྟར་ན། རྒྱ་ནག་ལ་ཉིན་ལྟར་མི་གྲངས་ལྔ་སྟོང་ཙམ་ཞིག་ཏོག་དབྱིབས་འགོས་ནད་ཕོག་སྟེ་འདས་གྲོངས་སུ་འགྲོ་་གི་ཡོད་འདུག འོན་ཀྱང་རྒྱ་ནག་གཞུང་གིས་གོང་ཞུས་ཀྱི་གྲངས་ཐོར་གསལ་བཤད་གང་ཡང་བྱས་མི་འདུག
རྒྱ་ནག་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གི་གནད་བྲིས་ཟིན་ཐོ་ཞེས་པར་གཞིགས་ན། རྒྱ་ནག་གི་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གི་འགན་འཛིན་མཱ་ཤའོ་ཝེལ་ནས་ཚོགས་འདུའི་ཐོག་རྒྱ་ནག་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་གི་བྱ་ཐབས་ལ་བསྒྱུར་བ་བཏང་པའི་ཐོག་རྒྱ་མིའི་ལོ་གསར་དང་དེའི་རིང་འགྲུལ་བཞུད་བྱེད་མཁན་ཧ་ཅང་མང་པོ་ཆགས་རྒྱུ་ཡིན་པས། དེ་ལས་མང་བའི་ས་ཁུལ་ནང་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་རྒྱུ་ཡིན་པར་ཚོད་དཔག་བྱས་འདུག་ལ། གྲོང་ཁྱེར་དང་ཞིང་འབྲོག་ས་ཁུལ་དུ་ཏོག་དབྱིབས་འགོས་ནད་ཕོག་མཁན་དུས་གཅིག་ཏུ་མང་དུ་ཕྱིན་ནས་སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་དང་། གཟུགས་པོ་སྐྱོ་བའི་རྒན་ཁོག་འགོས་ནད་ཕོག་མཁན་མང་དུ་ཕྱིན་པ་ཡིན་ཚེ་གནས་སྟངས་དེ་བས་ཛ་དྲག་ཆགས་རྒྱུ་ཡིན་པ་བརྗོད་འདུག ད་ལྟའི་འཆར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཟི་ཁྲོན་ཞིང་ཆེན་ནང་རིམས་ནད་ཀྱི་གནས་སྟངས་ཛ་དྲག་པོ་ཡོད་ཅིང་། ད་དུང་ཡིག་ཆ་འདིའི་ནང་རྒྱ་ནག་གི་ཞིང་ཆེན་རིམ་པའི་སྲིད་འཛིན་ས་ཁུལ་༣༡ནང་པེ་ཅིང་དང་ཟི་ཁྲོན་ཞིང་ཆེན་ནི་ཉེན་ཁ་ཆེ་ཤོས་ཀྱི་ས་ཆ་གཉིས་ཆགས་ཡོད་པ་དང་། དེ་རྗེས་བརྒྱ་ཆ་༢༠ནས་བརྒྱ་ཆ་༥༠བར་གྱི་མི་འབོར་ལ་ནད་འགོས་པའི་ས་ཁུལ་ཁག་ནི་ཐན་ཅིང་དང་ཧུ་པད། ཧེ་ནན། ཧུ་ནན། ཨན་ཧུལ།  ཀན་སུ། ཧེ་པད་བཅས་རེད་ཅེས་ཡིག་ཆ་འདིའི་ནང་བཀོད་ཡོད་འདུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎