༢༠༢༤ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་ཉི་ཧོང་གི་རྡུལ་ཕྲན་མཚོན་ཆར་རྒོལ་བའི་ཚོགས་པར་ཐོབ།

0:00 / 0:00

ཕྱི་ལོ་༢༠༢༤ལོའི་ནོ་སྦེལ་ཞི་བདེ་གཟེངས་རྟགས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་བྱེད་མཁན་གྱི་ཉི་ཧོང་གི་ཚོགས་པ་ཞིག་ལ་ཐོབ་འདུག
ཕྱི་ཟླ་བཅུ་པའི་ཚེས་༡༡ཉིན་ནོར་ཝེའི་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་༢༠༢༤ལོའི་ནོ་སྦེལ་ཞི་བདེའི་གཟེངས་དེ་ཉི་ཧོང་གི་ཚོགས་པ་དེ་སྔ་༡༩༤༥ལོར་ཉི་ཧོང་གི་ཧེ་རོ་ཤེ་མ་(Hiroshima)་དང་ནཱ་གྷ་ས་ཀས་(Nagasaki)་ས་ཁུལ་གཉིས་ལ་ཨ་རིས་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་ལས་སྲོག་ཉེན་ལས་ཐར་བའི་ཤུལ་ལུས་པ་ཚོས་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་ཆེད་བཙུགས་པའི་ཚོགས་པ། ནེ་ཧོན་ཧས་རྡན་ཁས་ཨོ་(Nihon Hidankyo)་ལ་སྤྲོད་རྒྱུ་བསྒྲགས་ཡོད་པ་དང་། ཚོགས་པ་དེའི་ངོས་ནས་ལོ་མང་རིང་འཛམ་གླིང་སྟེང་རྡུལ་ཕྲན་མཚོན་ཆ་མེད་པའི་ཁོར་ཡུག་ཅིག་བསྐྲུན་པར་དྲན་སྐུལ་དང་ཕྱག་ལས་གནང་བར་བསྔགས་བརྗོད་གནང་ཡོད་པ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་གཙོ་འཛིན་ཡོར་གྷེན་ཝན་ཌི་ནི་ཧྥུ་རེ་ཌི་ནེ་སི་(Joergen Watne Frydnes)ལགས་ཀྱིས་གསལ་བསྒྲགས་གནང་ཡོད་པ་རེད།
ཁོང་གིས་ཉི་ཧོང་གི་རྡུལ་ཕྲན་མཚོན་ཆར་རྒོལ་བའི་ཚོགས་པ་དེས་ལོ་རྒྱུས་ཀྱི་དཔང་པོ་འདི་དག་སྒེར་གྱི་ལོ་རྒྱུས་ལ་གཞི་བཅོལ་ནས་སློབ་གསོའི་ལས་འགུལ་སྤེལ་བ་དང་། རང་ཉིད་ཀྱི་ཉམས་མྱོང་གཞིར་བཞག་གིས་སློབ་གསོའི་ལས་འགུལ་སྤེལ་ཏེ། རྡུལ་ཕྲན་མཚོན་ཆའི་ཁྱབ་སྤེལ་དང་བཀོལ་སྤྱོད་ལ་ཛ་དྲག་གི་ཉེན་བརྡ་བཏང་བ་བཅས་ལ་བརྟེན་ནས་འཛམ་གླིང་གང་སར་རྡུལ་ཕྲན་མཚོན་ཆའི་ཁ་གཏད་ཀྱི་བསམ་བློ་ཤུགས་ཆེར་སྤེལ་ཡོད་བ་མ་ཟད། རྡུལ་ཕྲན་མཚོན་ཆས་གནོད་འཚེ་ཕོག་པའི་ཧཱེ་བྷ་ཀོ་ཤཱ་(Hibakusha)་ཉི་ཧོང་བ་དག་ལས། ང་ཚོས་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱས་ཚེ། རྟོགས་དཀའ་བའི་ན་ཟུག་དང་སྡུག་བསྔལ། བློ་ཡུལ་ལས་འདས་པའི་བསམ་བློ་འགྲེལ་བརྗོད་བྱེད་མི་ཐུབ་པ་སོགས་གསལ་འདོན་དང་། ཚོགས་པ་དེས་སོ་སོའི་དོ་བདག་སྒེར་གྱི་ཉམས་མྱོང་དང་དངོས་མཐོང་ལག་ཟིན་གྱིས་ཐོག་ནས་རྡུལ་ཕྲན་མཚོན་ཆའི་འཇིགས་སྣང་སྐོར་ཁྱབ་བསྒྲགས་དང་བདེན་དཔང་བྱས་ནས་དངོས་ཡོད་དཀའ་ངལ་གླེང་ནས་ཁོང་ཚོས་འཛམ་གླིང་སྟེང་རྡུལ་ཕྲན་མཚོན་ཆ་མེད་པ་མངོན་འགྱུར་ཐད་འབད་བརྩོན་གནང་བར་བྱས་རྗེས་ཆེན་པོ་བཞག་ཡོད་པ་བརྗོད་འདུག
དེ་བཞིན་ད་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིར་མི་སྒེར་༡༩༧་དང་ཚོགས་པ་༨༩་ཡོད་འདུག་ལ། དེ་དག་ཁྲོད་ད་ལྟ་རྒྱ་ནག་གི་བཙོན་དུ་ཚེ་བཙོན་གྱི་ཁྲིམས་ཆད་འཁུར་བཞིན་པའི་ཡུ་གུར་མི་རིགས་ཀྱི་ཆེད་མཁས་བ་སློབ་དཔོན་ཨེ་ཧམ་ཐོ་ཧི་ཏིས་(Ilham Tohti)་ལགས་སུ་ཕྱི་ལོ་༢༠༢༣་དང་ཕྱི་ལོ་༢༠༢༤བཅས་སོ་སོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་མིའི་གྲས་ཚུད་ཡོད་པ་རེད། དེ་མིན་ཕྱི་ལོ་༢༠༡༠ལོར་རྒྱ་ནག་ཏུ་བཙོན་དུ་ཚུད་པའི་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་པའི་རྩོམ་པ་པོ་ལིག་ཞོ་པོར་ཡང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་བ་དང་། རྗེས་སུ་ཁོང་ཕྱི་ལོ་༢༠༡༧ལོར་རྒྱ་ནག་གི་བཙོན་དུ་མཆིན་པའི་གཉན་སྐྲན་བྱུང་ནས་སྐུ་གྲོངས་ཡོད་པ་རེད།

dalai-lama-nobel.jpg
File Photo


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།