ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གཞུང་འབྲེལ་མིན་པའི་ངོ་བོའི་ཐོག་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་བསྐོང་ཚོགས་གནང་བཞིན་པ།

ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་་དུ་ཕྱི་ཟླ་བདུན་པའི་ཚེས་༡༣ ནས་༡༥ བར་ཚོགས་རྒྱུའི་༢༠༢༡རྒྱལ་སྤྱིའི་ཆོས་ལུགས་རང་དབང་གི་ལྷན་ཚོགས་ཀྱི་སྔ་རོལ་དུ་ལྷན་ཚོགས་དེའི་ཚོགས་གཙོ་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་གཞུང་ཚབ་པ་ཟུར་པ་སྐུ་ཞབས་Sam Brownback་ལགས་ཀྱིས་བོད་ནང་བོད་མི་རང་ལུས་མེར་བསྲེགས་བཏང་མཁན་རྣམས་དཔེ་མཚོན་དུ་བཀོད་གནང་གིས། སྦར་མའི་ནང་གི་རོ་ཇིན་ཇ་ཁ་ཆེ་གྲངས་ཉུངས་མི་རིགས་ལ་སོགས་པའི་ཐོག་དྲག་གནོན་བྱེད་བཞིན་པ་གསུངས་ཏེ། འཛམ་གྲིང་གི་མི་འབོར་རྒྱ་ཆ་༨༠ཙམ་ལ་རང་རང་སོ་སོའི་གནས་ཡུལ་རྒྱལ་ཁབ་ནང་ཆོས་དད་རང་དབང་མེད་པ་ནི་ཆེས་ཐབས་སྡུག་གི་རང་བཞིན་ཡིན་པ་དང་། སོ་སོའི་ཆོས་ལུགས་རང་དབང་ལྡན་པའི་ཐོག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཡོད་དགོས་པ་ནན་བརྗོད་གནང་ཡོད་པ་རེད།
སྐུ་ཞབས་སམ་སྦརའོན་སྦེཀ་མཆོག་ནི་འདི་སྔོན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་འགན་འཛིན་གནང་ཡོད་ཅིང་། གནས་བབས་དེའི་ཐོག་ཁོང་ཕྱི་ལོ་ ༢༠༡༩ ཟླ་བ་ ༡༠ ནང་བཞུགས་སྒར་རྡ་རམ་ས་ལར་ཆེད་བཅར་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་མོལ་ཞུས་ཡོད་པ་རེད། ཁོང་ནི་དེང་སྐབས་ཚོགས་བཞིན་པའི་གཞུང་འབྲེལ་མ་ཡིན་པའི་ངོ་བོའི་ཐོག་གི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་ཆེན་གོ་སྒྲིག་པའི་ཚོགས་གཙོ་ཞིག་ཀྱང་ཡིན་པ་རེད
ཨ་རིའི་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། རྒྱ་ནག་གཞུང་གིས་རྩ་ཁྲིམས་ནང་རྒྱུན་ལྡན་ཐོག་ཆོས་དད་རང་དབང་ལོངས་སུ་སྤྱོད་ཆོག་པའི་ཐོབ་ཐང་ཡོད་ལུགས་བཀོད་པ་ལྟར་དེ་དོན་སྲུང་བརྩི་བྱེད་དགོས་ཀྱི་རེད་ཅེས་དང་། ལྷག་པར་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་བླ་ཆེན་རྣམ་པའི་མ་འོངས་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱ་རྒྱུ་མེད་པར་མ་ཟད། རང་དབང་གི་སྒོ་ནས་བོད་མི་ཚོར་རང་གི་ཆོས་ལུགས་ལ་དད་མོས་བྱེད་པར་གུས་བརྩི་དགོས་པ་གསུངས་ཡོད་པ་རེད།
དེ་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བསྐོང་ཚོགས་བྱེད་བཞིན་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་ཀྱི་ཐོག་ནས་ཆོས་ལུགས་རང་དབང་གི་སྒྲིག་གཞི་ཞེས་པའི་ཡིག་ཆ་ཞིག་སྤྱིར་བསྒྲགས་གནང་ཡོད་པ་དེའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་འབྲུ་དོན་ནང་གསལ་བ་ལྟར། འཛམ་གླིང་ས་ཕྱོགས་གང་ཞིག་ཏུ་མི་སུ་འདྲ་ཞིག་ཡིན་ཡང་རང་རང་སོ་སོའི་ཆོས་ལུགས་ལ་དད་པ་བྱེད་ཆོག་པར་མ་ཟད། ཆོས་ལུགས་དེ་དང་དེའི་བྱེད་སྒོའི་ནང་མཉམ་ཞུག་ཆོག་པའི་རང་དབང་རྒྱལ་ཁབ་སོ་སོའི་གཞུང་གི་ཁྲིམས་ཐོག་ནས་འགན་སྲུང་དགོས་ལ། རིག་གཞུང་ཚན་པས་ཀྱང་དེར་དག་ཐེར་དགོས་ཅིང་། ཆོས་ལུགས་ལ་དད་པ་བྱེད་མཁན་ཚོར་སྤྱི་དམངས་དང་གཞུང་གི་སྒྲིག་འཛུགས་གང་གི་ནང་ལ་ཡང་ཞི་བའི་ཐོག་གནས་ཆོག་པའི་ཐོབ་ཐང་སྲུང་སྐྱོབ་དགོས་རྒྱུར། རྒྱལ་ཁབ་ཀྱི་གཞུང་དང་སྒྲིག་འཛུགས། གསར་འགྱུར་བརྒྱུད་ལམ་ཁག་དང་དེ་མིན་འབྲེལ་ཡོད་ཚང་མས་འཛམ་གླིང་ནང་ཆོས་དད་རང་དབང་སྲུང་སྐྱོབ་ཀྱི་ཐོབ་ཐང་འབྱུང་སླད་མཉམ་རུབ་ཀྱི་འབད་བརྩོན་བྱེད་དགོས་པ་འཁོད་འདུག
ཉིན་གསུམ་གྱི་ལྷན་ཚོགས་ཐོག་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་བརྙན་འཕྲིན་བརྒྱུད་གསུང་འཕྲིན་སྩོལ་གནང་མཛད་རྒྱུ་ཡིན་འདུག་ལ། དེ་བཞིན་ཨ་རིའི་ཆབ་སྲིད་མི་སྣ་གྲགས་ཆེ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནེན་སི་པེ་ལོ་སི་མཆོག་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མཡེཀ་པོམ་པེའོ་ལ་སོགས་པ་ཁག་ཅིག་དང་། དེ་བཞིན་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་དང་སྐུ་ཚབ། ཆོས་ལུགས་རང་དབང་ཐོག་ལས་དོན་སྤེལ་མཁན་༥༠་ཙམ་མཉམ་བཞུགས་གནང་འདུག