འོས་ཤོག་མང་ཤོས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཐོབ་བཞིན་པ།
2015.10.23

བོད་མི་གནས་ཡུལ་ས་གནས་ཁག་ཅིག་འོས་བསྡུའི་གྲུབ་འབྲས་ལྟར་ན་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་མང་ཤོས་བཞིན་ཡོད་པ་རེད།
དེ་ཡང་དབུས་བོད་མིིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་ས་གནས་ཁག་ཅིག་ནས་ཤེས་རྟོགས་བྱུང་བའི་ནང་། ད་ལྟའི་སྲིད་སྐྱོང་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་འོས་མང་ཤོས་བཞིན་ཡོད་པ་རེད།
དེ་ཡང་འདི་གའི་གསར་འགོད་པ་ཚོས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཚེས་༢༣ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་ཁག་གཅིག་དང་། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་དགུ་གླིང་། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི། བཞུགས་སྒར་རྡ་རམ་སཱ་ལ་བཅས་སུ་ས་གནས་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་གྲུབ་འབྲས་ཕྱི་བསྒྲགས་བྱས་བའི་ནང་སྲིད་སྐྱོང་གི་འོས་ཤོག་མང་ཤོས་ད་བར་ད་ལྟའི་སྲིད་སྐྱོང་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་ཐོབ་བཞིན་ཡོད་པ་རེད།
དེ་བཞིན་ཚེས་༢༢ཉིན། བོད་ཀྱི་དུས་བབ་གསར་ཤོག་ནས་ས་གནས་ཁག་གི་འོས་བསྡུའི་གྲུབ་འབྲས་ཐོན་བཞིན་པ་དང་བསྟུན་ཏེ་དབུས་འོས་བསྡུའི་ལས་ཁང་ལ་ཞལ་པར་བརྒྱུད་སྲིད་སྐྱོང་གི་བསྡུའི་མཇུག་འབྲས་རྩད་ཞིབ་བྱས་པ་ལྟར་ན། རྒྱ་གར་ནང་ས་གནས་ཁ་ཤས་ཤིག་གིས་ད་ལྟ་གྲངས་བཤེར་བྱེད་མུས་ཡིན་ཞིང་། ས་གནས་ཁག་༣༥ནང་གྲངས་བཤེར་གྲུབ་པའི་གནས་སྟངས་ནི། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་ལ་འོས་གྲངས་༡༥༧༠༧དང་། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་འོས་གྲངས་༦༠༥༠ ཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་འོས་༡༡༠༠ བཀྲ་ཤིས་དབང་འདུས་ལགས་སུ་འོས་གྲངས་༨༧༡ བཀྲ་ཤིས་སྟོབས་རྒྱལ་ལགས་སུ་འོས་༢༥བཅས་ཐོབ་ཡོད་པ་འཁོད་འདུག
གོང་གསལ་ས་གནས་ཁག་༣༥འདིའི་ནང་། ཁྱོན་བོད་མི་གྲངས་༤༠༥༡༧ནས་འོས་བསྡུ་དེབ་སྐྱེལ་བྱས་འདུག་ཀྱང་། དངོས་སུ་འོས་འཕེན་པ་༢༣༤༡༢ལས་བྱུང་མིན་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།