དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་ཐད་བཀའ་ཤག་ཙམ་མིན་པར་གྲོས་ཚོགས་ལའང་འགན་སྲུང་འགན་དབང་ཡོད་པ་ངེས་དགོས། སྲིད་སྐྱོང་མཆོག་གིས།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་གཉིས་པ་སྟེ། སྤྱི་ཟླ་དགུ་པའི་ཚེས་༢༠ཉིན་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེས་ཀྱི་གྲོས་ཆོད་གྲོས་འཆར་ཐོག་བགྲོ་གླེང་གནང་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། བོད་ནང་གི་བོད་མི་ཚོས་རེ་ལྟོས་འཆའ་ས་དེ་༧གོང་ས་མཆོག་ཉག་གཅིག་ཆགས་ཡིན་པ་དང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་བབ་དང་རྒྱ་ནག་གི་འགྱུར་འགྲོས། བོད་ནང་གི་གནས་སྟངས་སོགས་ལ་གཞིགས་པའི་བཞེངས་ཕྱོགས་ཤིག་༧སྐུ་མདུན་གྱིས་གྲོས་འགོ་བཏོན་གནང་སྟེ། མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་ཀྱིས་མང་མོས་འོས་བསྡུའི་ལས་རིམ་བརྒྱུད་མི་དགོས་པའི་ཐོག གྲོས་ཚོགས་སུ་སྤྱི་མོས་ཀྱི་ལམ་ནས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་དེ། ལག་བསྟར་བྱེད་རྒྱུ་ནི་བཀའ་ཤག་གི་ལས་འགན་ཆགས་ཡོད་པ་དང་། དེ་རིང་གྲོས་ཚོགས་སུ་གསུང་བབས་ལ་བལྟས་ན། བཀའ་ཤག་གི་ལས་འགན་བསྒྲུབ་བསྡད་པ་དེ་ཡང་སྒྲིག་འགལ་ཡིན་པ་ལྟ་བུ་གསུང་མཁན་བྱུང་སོང་བས། དེ་ཚོས་དབུ་མའི་ལམ་ནི་གྲོས་ཚོགས་ཀྱིས་གཏན་འབེབས་ཀྱི་སྲིད་བྱུས་ཤིག་ཡིན་པས། དེ་ལ་འགན་སྲུང་གི་འགན་དབང་དེ་འཛིན་སྐྱོང་གཅིག་པུ་ཙམ་མིན་པར་གྲོས་ཚོགས་ལའང་ཡོད་པ་ངེས་དགོས་པ་རེད་ཅེས་གསལ་བཤད་གནང་སོང་།
གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གནས་ཚུལ་སྒྲུག་དགོས་པ་དང་དཔྱད་ཞིབ་བྱ་དགོས་པའི་རིགས་གང་ཐུབ་བྱས་ཏེ། འཛམ་གླིང་གི་འབྲེལ་ཡོད་ལས་ཁུངས་དང་མི་སྣ་སོ་སོར་མཁོ་སྤྲོད་དགོས་པའི་རིགས་བཀའ་ཤག་གིས་བྱས་བསྡད་ཡོད་པ་དང་། བོད་ནང་ཆབ་སྲིད་ལས་འགུལ་སྤེལ་ན་སོ་སོ་ཙམ་མ་ཟད་ཉེ་འབྲེལ་ཚང་མ་ལ་དཀའ་ངལ་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་ཁྲག་རིགས་རྒྱུད་རྫས་(DNA)་བསྡུ་རུབ་དང་མིག་རིལ་དཔར་ལེན། བཅོས་མའི་ཤེས་པ་སོགས་བེད་སྤྱོད་བཏང་ནས་དམ་དྲག་བྱེད་བཞིན་པའི་ཁར། ཕྱོགས་ཡོངས་ནས་ཆོས་དང་སྐད་ཡིག མི་རིགས་ཀྱི་ངོ་བོ་གང་གི་ཐོག་ལ་འབྲེལ་བ་ཡོད་ནའང་། ད་ལྟའི་རྒྱ་ནག་སྲིད་གཞུང་གི་འོག་ཏུ་གུ་ཡངས་ཀྱི་བསམ་བློ་རྩ་བ་ནས་མེད་པ་བཤད་ཡོད་ཅེས་གསལ་སྟོན་གནང་ཡོད་པ་རེད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་འདི་ནི། གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་མ་ལག་དང་བཅས་པའི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གྱི་ལས་རིམ་ཡིན་པར་བརྟེན། ལས་ཉིན་གཉིས་པ་འདིར་ཆོས་རིག་བཀའ་བློན་སྤེན་པ་ཚེ་རིང་ལགས་ཀྱིས། གྲོས་ཚོགས་སུ་ཆོས་རིག་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་། དེའི་ཐོག་ལ་སྤྱི་འཐུས་རྣམ་པས་བགྲོ་གླེང་དྲི་བ་དང་ཆོས་རིག་བཀའ་བློན་གྱིས་ལན་འདེབས་སོགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།