ད་རེས་གྲོས་ཚོགས་ནང་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་རྒྱུ་སྤྱི་འཐུས་ཁག་གིས་རེ་བ་གནང་བཞིན་པ་གསུངས་བྱུང་།

སྐབས་༡༧པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་ཚོགས་བཞིན་པའི་སྟེང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་༢༠༢༤ནས་༢༠༢༥ལོའི་སྔོན་རྩིས་བཀའ་འཁྲོལ་དང་འབྲེལ། ཚོགས་དུས་བདུན་པའི་མཇུག་ཏུ་བཅའ་ཁྲིམས་བསྐྱར་བཅོས་བྱེད་རྒྱུའི་ལས་རིམ་ཡོང་གི་ཡོད་པ་རེད། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ཁག་གི་ནང་གལ་ཆེ་བ་ཞིག་ནི། དམ་འབུལ་ཞུ་ཕྱོགས་དང་འབྲེལ་བ་ཆགས་ཀྱི་ཡོད་པས། འདི་ཚེས་༡༩ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤྱི་འཐུས་ཁག་ཅིག་ལ་གྲོས་ཚོགས་ཚོགས་དུས་བདུན་པའི་སྟེང་བཅའ་ཁྲིམས་བསྐྱར་བཅོས་དག་འགྲོ་ཐུབ་མིན་སོགས་ཀྱི་སྐོར་བཀའ་འདྲི་ཞུས་པར། ཁོང་རྣམ་པས་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་ནང་གཙོ་བོ་ཁྲིམས་ཞིབ་པ་ཆེ་བ་དང་གཞན་ཁྲིམས་ཞིབ་པ་གཉིས་ཀྱི་འོས་ཆོས་དང་འབྲེལ་བ་ཆགས་ཀྱི་ཡོད་སྐོར་དང་། གཞན་ཡང་ཁྲིམས་སྒྲིག་སྤྱི་ཡོངས་ནང་གསལ་ཁ་མེད་སའི་ཆ་ཅི་ཡོད་སོགས་ཀྱི་སྐོར་ཡིན་པ་དང་། ད་རེས་བཅའ་ཁྲིམས་བསྐྱར་བཅོས་གནང་ཐུབ་པའི་རེ་བ་བྱེད་བཞིན་པ་སྤྱི་འཐུས་ཁག་ཅིག་གིས་གསུངས་བྱུང་།
དེར་བརྟེན། དཀའ་ངལ་དེ་དག་སེལ་སླད་སྐབས་༡༧པའི་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཆོད་དགོངས་དོན་བཞིན། ཚོགས་གཙོ་སྦྲེལ་པོས་སྔ་ལོ་ཕྱི་ཟླ་༥པའི་ནང་ཆོལ་ཁ་གསུམ་ནས་སྤྱི་འཐུས་རེ་རེ་དང་། ཆོས་བརྒྱུད་ནས་སྤྱི་འཐུས་གཅིག ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་བཅས་ཚོགས་མི་ལྔ་ལས་གྲུབ་པའི་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་བྲིས་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་པ་དང་། དེའི་སྐབས་ཚོགས་ཆུང་དེའི་ཚོགས་གཙོ་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ཀྱིས། ཚོགས་ཆུང་གི་ལས་འགན་གཙོ་བོ་ཞིག་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་རང་སོར་གནས་ཐོག་ད་དུང་གསལ་ཁ་མེད་པའི་སྐྱོན་གནད་རྣམས་བསྐྱར་བཅོས་ཇི་དགོས་སོགས་བསྐྱར་ཞིབ་གནང་རྒྱུ་དེ་ཡིན་པ་དང་། བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་དཀའ་ངལ་ཆེ་ཤོས་ནི་དམ་འབུལ་ཞུ་ས་མེད་པ་དེ་ཡིན་པ་འགྲེལ་བརྗོད་གནང་ཡོད་པ་རེད།
སྤྱི་འཐུས་ཀརྨ་དགེ་ལེགས་ལགས་ཀྱིས། གལ་ཏེ་བཅའ་ཁྲིམས་བསྐྱར་བཅོས་དག་འགྲོ་མ་ཐུབ་ཚེ། ད་ལྟའི་ཆར་ཁྲིམས་ཞིབ་པ་ཆེ་བ་མེད་པ་བཞིན། རྩིས་ཞིབ་འགན་འཛིན་དང་འོས་བསྡུ་འགན་འཛིན་སོགས་དང་འབྲེལ་བའི་ཐོག་དཀའ་ངལ་འཕྲད་སྲིད་ཀྱང་། ངས་བསམ་ན་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་རྣམས་སྤྱི་མོས་ཀྱི་འགྲོ་མ་ཐུབ་ནའང་། སུམ་ཆ་གཉིས་ཀྱི་ཐོག་ནས་འགྲོ་སྲིད་པའི་རེ་བ་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། གལ་ཏེ་ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་རྣམས་འགྲོ་མ་ཐུབ་ཚེ། སྤྱི་འཐུས་ཀྱི་ངོས་ནས་འགན་ག་ཚོད་ཙམ་ཞིག་བཞེས་ཀྱི་ཡོད་མེད་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་ཞེས་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ལས་དོན་གནང་ཐུབ་ཐབས་ཀྱི་ལམ་སངས་མཁན་དེ་སྤྱི་འཐུས་རྣམ་པ་ཆགས་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཡང་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་ཀྱིས། ད་ལྟའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ནང་ནས་གལ་ཆེ་ཤོས་ཤིག་ནི་དམ་འབུལ་ཞུ་ཕྱོགས་དེ་ཆགས་ཀྱི་ཡོད། ད་ལྟ་ཆར་གནས་སྟངས་འདིར་བལྟས་པ་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ནས་སྤྱི་མོས་བཏང་བའི་གནས་ཚུལ་ཞིག་གོ་ཐོས་བྱུང་བས། བཅའ་ཁྲིམས་བསྐྱར་བཅོས་དེ་འགྲོ་ཐུབ་ཀྱི་རེད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་གཅིག་གི་ནང་གསེས་དང་པོའི་ནང་། བཅའ་ཁྲིམས་འདིའི་སྔོན་གླེང་དང༌། ལེའུ་དང་པོའི་དོན་ཚན་དང་པོ་དང་གསུམ་པ། བཞི་པ། ལེའུ་གཉིས་པ་དང་གསུམ་པའི་དོན་ཚན་ཡོངས་རྫོགས་ཕུད། དེ་མིན་དོན་ཚན་གང་རུང་ལ་སྣོན་འཕྲི་བསྐྱར་བཅོས་དགོས་གལ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་མཚན་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ་ཞེས་འཁོད་ཡོད་པ་རེད།
འདི་ཚེས་༡༩སྔོན་རྩིས་གྲོས་ཚོགས་ཀྱི་ལས་ཉིན་གཉིས་པའི་ཐོག་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༤ ནས་༢༠༢༥ལོའི་སྔོན་རྩིས་གསུང་བཤད་དང་། སྤྱི་འཐུས་དགེ་བཤེས་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་རྩིས་ལོ་༢༠༢༤-༢༥ལོའི་སྙན་ཐོ་སྙན་སྒྲོན་ཟིན་པར་སྤྱི་ཡོངས་ནས་བགྲོ་གླེང་གནང་ཡོད་པ་རེད།
སྐབས་དེར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་ཕྱི་ལོ་༢༠༢༣-༢༤ལོའི་སྔོན་རྩིས་བཀའ་འཁྲོལ་གྱི་བྱུང་འཆར་དང་སོང་འཆར་གཉིས་ཀྱི་གནས་སྟང་ཐོག་སོང་འཆར་དེ་ས་ཡ་བརྒྱ་དང་བཅུ་གསུམ་དང་དྲུག་འབུམ་བདུན་ཁྲི་བཀོད་ཡོད་པ་དེ་འཆར་གཞི་ལྟར་འགྲོ་གྲོན་དེ་ག་པར་ནས་གཏོང་རྩིས་ཡོད་མེད་ཐད་དོགས་འདྲི་ཞུས་པར་སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཀྱི་གོང་གསལ་དངུལ་དེ་རོགས་དངུལ་སྔོན་ནས་འབྱོར་ཟིན་པ་ནས་བེད་སྤྱོད་གཏོང་རྒྱུ་ཡིན་པ་གསལ་བཤད་ལན་འདེབས་གནང་སོང་།
ཡང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གཞིས་ཆགས་ཁག་ནང་འཛིན་སྐྱོང་གི་འགྲོ་གྲོན་ལས་གཞི་དང་འབྲེལ་བའི་ཐོག་ལྷོ་ཕྱོགས་གཞིས་ཆགས་ཁག་ལྔ་དང་སྦེང་ལོར་ནང་འཛིན་སྐྱོང་གི་འགྲོ་གྲོན་བཀོད་ཡོད་པ་བཞིན་དེའི་ནང་། ཀ་ན་ཊ་ཀ་མངའ་སྡེ་གཞུང་ནས་ཁུལ་དེའི་ནང་གི་བོད་མིའི་གཞིས་ཆགས་ཁག་ལ་རྒྱུན་གྲོན་འགྲོ་གྲོན་གནང་གི་ཡོད་པ་དེའི་ནང་ཚུད་ཡོད་མེད་སྐོར་མུ་མཐུད་དོགས་འདྲི་ཞུས་པར། དཔལ་འབྱོར་བཀའ་བློན་སྤེན་པ་ཚེ་རིང་ལགས་ཀྱི་ཀ་ན་ཊ་ཀ་མངའ་སྡེ་གཞུང་ནས་རོགས་དངུལ་བྱུང་བཞིན་པ་དེའི་རྒྱུན་གྲོན་གྱི་ཆ་ཤས་དེ་རྒྱུན་གྲོན་གྱི་རྩིས་སྒོ་དང་ལས་འཆར་གྱི་དངུལ་དེ་བར་བརྒལ་བཀའ་འཁྲོལ་ཞུ་བཞིན་ཡོད་པ་གསུངས་གནང་སོང་།
དེ་བཞིན་དེ་སྔ་སྤྱི་འཐུས་སྐབས་བཅུ་གསུམ་པའི་ཐོག་སྤྱི་འཐུས་རྣམས་པ་བོད་མི་གནས་སྡོད་ས་གནས་ཁག་ཏུ་ཕྱོགས་སྐྱོད་གནང་རྒྱུའི་གྲོད་ཆོད་བཞག་ཡོད་པ་དེ། ད་རེས་སྤྱི་འཐུས་ཁག་ཅིག་གིས་ས་གནས་ཁག་ནང་སྐོར་སྐྱོད་ཆེད་དུ་འགྲོ་གྲོན་མང་པོ་གཏོང་བཞིན་པ་དེ་ནུས་པ་མེད་པ་དང་ཕན་ཐོགས་མེད་པར་ངོས་འཛིན་གྱིས་དེར་རྒྱབ་སྐྱོར་མེད་པ་གསུངས་གནང་སོང་ལ། ཡང་སྤྱི་འཐུས་ཁག་ཅིག་གིས་སྤྱི་འཐུས་ནི་མི་མང་གིས་བདམས་ཐོན་བྱས་པ་ཞིག་ཡིན་པའི་ཆ་ནས་ང་ཚོས་མི་མང་ལ་དངོས་སུ་ཐུག་ནས་ཁོང་ཚོའི་བདེ་སྡུག་རྟོགས་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པས་སྤྱི་འཐུས་རྣམ་པ་ས་གནས་ཁག་ནང་ཕྱོགས་སྐྱོད་དེ་མུ་མཐུད་དུ་གནས་རྒྱུ་གལ་ཆེ་ཡིན་པ་གསུངས་ཀྱི་འདུག
ད་རེས་ཀྱི་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་གནང་བའི་དོན་གནད་ཁག་ལ་དཔལ་འབྱོར་བཀའ་བློན་མཆོག་དང་། ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་ལན་འདེབས་གསལ་བཤད་དང་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་དང་གཏན་འབེབས་གནང་བཞིན་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།