བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཧིན་སྒོར་ས་ཡ་སུམ་སྟོང་སུམ་བརྒྱ་ལྷག་སོ་གཅིག་ལྷག་གྲོས་ཚོགས་སུ་འཆར་འབུལ་གནང་འདུག

2024.03.18
བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཧིན་སྒོར་ས་ཡ་སུམ་སྟོང་སུམ་བརྒྱ་ལྷག་སོ་གཅིག་ལྷག་གྲོས་ཚོགས་སུ་འཆར་འབུལ་གནང་འདུག སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ། ༠༣།༡༨།༢༠༢༤
CTA

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དེ། སྤྱི་ཟླ་༣པའི་ཚེས་༡༨ནས་༣༠བར་གྲོས་ཚོགས་ཀྱི་ཚོགས་ཁང་དུ་འཚོགས་བཞིན་པ་དབུ་འཛུགས་གནང་ཡོད་པ་དང་། སྔོན་རྩིས་གྲོས་ཚོགས་ཀྱི་ལས་ཉིན་དང་པོ་དེར། རྩིས་ལོ་༢༠༢༤དང་༢༥ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱང་གི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༤དང་༢༥ལོའི་རྒྱུན་གྲོན་དང་དམིགས་བསལ་ལས་དོན། དམིགས་བཀར་ལས་འཆར་བཅས་པར་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་༣༣༣༡་༥༥འཆར་འབུལ་གནང་བ་དང་། དགོས་དངུལ་འདི་དག་རྩིས་ལོ་༢༠༢༣དང་༢༤ལོའི་ཐོག་མའི་སྔོན་རྩིས་བཀའ་འཁྲོལ་གཏན་འབེབས་སྒོར་ས་ཡ་༣༠༣༤་༠༡ལས་སྒོར་ས་ཡ་༢༩༧་༥༤དང་། བརྒྱ་ཆ་༩་༨༡མང་བ་གནང་གི་འདུག་ཅེས་འཁོད་ཡོད་པ་རེད།

The 7th Session budget session of the 17th Tibetan Parliament-in-Exile (2).jpg
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པ་དབུ་འཛུགས་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་ནང་། སྤྱི་འཐུས་རྒྱུན་ལས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཅིག་ཁུར་ཡོང་བའི་ཐོག་ནས། ཉེ་ཆར་བོད་ནང་གི་ཛ་དྲག་གནས་ཚུལ་དཔེར་ན། སྡེ་དགེ་ཕྱོགས་ཀྱི་གནས་སྟངས་སོགས་ཚང་མ་གསལ་བོ་འཁོད་ཡོད་པ་བཅས་ཀྱི་ཐད། སྤྱི་འཐུས་རྣམ་པས་སྤྱི་ཡོངས་ཀྱི་དགོངས་ཚུལ་སྤུང་ཐུབ་པའི་རེ་བ་ཡོད་པ་དང་། ཡང་གྲོས་ཚོགས་ལས་རིམ་འདིར་ཁྲིམས་བཟོའི་ལས་དོན་ཁག་ཅིག་འགྲོ་དགོས་པ་དང་ཕྱོགས་མཚུངས། གནད་དོན་གལ་ཆེན་ཞིག་ནི་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༤དང་༢༥ལོའི་སྔོན་རྩིས་གཏན་འབེབས་བྱ་དགོས་ཀྱི་ཡོད་པར་བརྟེན། དེ་ཚོ་ལ་སྤྱི་འཐུས་རྣམ་པས་རིག་པ་བསྒྲིམས་ནས་ཐུགས་སྣང་གནང་གལ་ཆེ་བ་གསལ་སྟོན་གནང་སོང་།

The 7th Session budget session of the 17th Tibetan Parliament-in-Exile (1).jpg
བོད་ནང་གི་ཛ་དྲག་གནས་སྟངས་ཐད་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དེ། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ནས་བཏོན་གནང་བའི་ནང་། ༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པ་དང་། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རིག་གནས་རྩ་མེད་ཀྱིས་བོད་མི་རིགས་རྒྱ་བསྒྱུར་གྱི་ཐབས་བྱུས་མཚམས་འཇོག་དགོས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ་དང་སྤྲུལ་སྐུའི་ལམ་ལུགས་ལ་ཐེ་ཇུས། བོད་བརྒྱུད་ནང་བསྟན་ལ་དམ་དྲག་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དགོས་པ། རྒྱ་ནག་གིས་སྡེ་དགེ་དབོན་པོ་སྟོད་ཀྱི་མི་མང་ལ་བརྡབ་གསིག་གཏོང་བཞིན་པའི་མཚོན། བོད་ཀྱི་ཁོར་ཡུག་གཏོར་བཅོམ་དང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ། ཐ་ན་རྒྱལ་མཚམས་བརྒལ་ཏེ་རང་དབང་ལུང་པའི་བོད་མི་ཚོར་ཡང་སྡིགས་བསྐུལ་བསུན་གཙེར་བཟོ་བཞིན་པ་མཚམས་འཇོག་དགོས་པའི་སྐུལ་མ་གནང་འདུག
བོད་ནང་གི་ཛ་དྲག་གནས་སྟངས་ཐད་གྲོས་ཆོད་གྲོས་འཆར་དང་འབྲེལ་བའི་གྲོས་ཚོགས་སུ་བགྲོ་གླེང་གནང་བའི་ལས་རིམ་དུ། བོད་མི་མང་སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ཐད་དགོངས་པ་ཆེ་བཞེས་ཀྱིས། སོ་སོ་དང་རྒྱ་ཆེའི་མང་ཚོགས་ནས་ཀྱང་བོད་སྤྱི་བའི་རྩ་དོན་དུ་སྔར་ལྷག་འབད་བརྩོན་གནང་དགོས་ཀྱི་འདུག་ཅེས་རེ་སྐུལ་གནང་སོང་།
ཡང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་ཁབ་ཞིག་གི་ནང་ཁུལ་གྱི་རྩོད་པ་གཅིག་པུ་མ་ཡིན་པར། བོད་མི་རིགས་ཀྱི་བདག་དབང་གི་བསམ་བློའི་སྟེང་དུའང་ང་ཚོས་འཛམ་གླིང་ཐོག་བཤད་དགོས་པ་ཧ་ཅང་གལ་ཆེན་རེད་ཅེས་དགོངས་ཚུལ་གསུངས་ཡོད་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎