བཀའ་བློན་འོས་མི་ལྷག་མ་རྣམས་ཀྱི་མིང་འདོན་གནས་སྐབས་ཕྱིར་འཐེན་དང་སྲིད་སྐྱོང་མཆོག་གི་འབོད་སྐུལ།

2021.10.12
བཀའ་བློན་འོས་མི་ལྷག་མ་རྣམས་ཀྱི་མིང་འདོན་གནས་སྐབས་ཕྱིར་འཐེན་དང་སྲིད་སྐྱོང་མཆོག་གི་འབོད་སྐུལ། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ཉིན་གཉིས་པའི་སྐབས། ༡༠།༡༢།༢༡
དྲ་བཤུས།/TTV

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དང་པོ་ལམ་ལྷོངས་ཡོང་ཆེད་དང་རྟེན་འབྲེལ་མི་འཆུག་ཆེད་བདམས་ཐོན་བུད་མེད་བཀའ་བློན་གསུམ་ཕུད་པའི་གཞན་བཀའ་བློན་འོས་མི་རྣམས་མིང་འདོན་བྱེད་རྒྱུ་བཀའ་ཤག་ནས་གནས་སྐབས་ཕྱིར་འཐེན་གནང་སོང་།
སྤྱི་ཚེས་༡༡་ཉིན་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་༡་པོའི་ཐོག་བཀའ་བློན་གྱི་འོས་འདེམས་སྐབས། སྲིད་སྐྱོང་མཆོག་ནས་སུད་སི་དོན་ཟུར་དང་སྤྱི་འཐུས་ལས་ཐོག་དངོས་གྲུབ་རྡོ་རྗེ་ལགས་བཀའ་བློན་འོས་མིར་མཚན་འདོན་གནང་སྐབས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ནས་དགག་བྱ་གནང་བ་རྗེས། མདོ་སྟོད་སྤྱི་འཐུས་གཅིག་དང་ཆོས་བརྒྱུད་སྤྱི་འཐུས་གཅིག་ཕུད་པའི་ཆོས་བརྒྱུད་དང་མདོ་སྟོད་སྤྱི་འཐུས་རྣམ་པ་གྲོས་ཚོགས་རྭ་བ་ནས་ཕྱིར་ཐོན་གནང་པའི་དབང་གིས། སྐབས་དེའི་གྲོས་ཚོགས་ལས་རིམ་མཚམས་འཇོག་གནང་དགོས་བྱུང་ཡོད་པར་བརྟེན། འདི་ཚེས་༡༢་ཉིན་གྲོས་ཚོགས་ཚོགས་དུས་༡་པོའི་ལས་ཉིན་༢་པའི་ཉིན་རྒྱབ་ལ་མུ་མཐུད་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་རིམ་ལྟར་བཀའ་བློན་འོས་འདེམས་ཀྱི་ཡིག་ཆ་ཨང་༡༤་པ་གཞིར་བཟུང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེན་ལགས་ནས་སྲིད་སྐྱོང་མཆོག་ལ་ཁ་སང་འགག་བསྡད་ཡོད་པའི་འོས་མི་དེ་གནས་སྐབས་ངང་འཐེན་གྱིས་དེའི་གཤམ་གྱི་འོས་མིའི་མཚན་འདོན་གནང་རོགས་ཞེས་གསུངས་པར། སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། གྲོས་ཚོགས་ཚོགས་དུས་དང་པོ་ལམ་ལྷོངས་ཡོང་རྒྱུ་དང་རྟེན་འབྲེལ་མ་འཆུག་པའི་ཆེད་དུ་བཀའ་བློན་འོས་མི་ལྷག་མ་རྣམས་མཚན་འདོན་གནང་རྒྱུ་ཕྱིར་འཐེན་བྱས་ནས་གྲོས་ཚོགས་རྗེས་མར་གནང་རྒྱུ་ཡིན་པ་གསུངས་བ་དང་འབྲེལ། མ་འོངས་བར་བཅའ་ཁྲིམས་ནང་གང་ཡོད་པ་དེ་བརྒྱུད་རིམ་བཞིན་གྲོས་ཚོགས་ནང་ཐད་ཀར་འགྲོ་ཐུབ་པ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། དེ་མ་གཏོགས་གྲོས་ཚོགས་ནང་མང་པས་ཐག་བཅད་ནས་བཀའ་ཞིག་གནང་། ཉུང་བས་འདོད་པ་ལྟར་ཐག་གཅོད་ཞིག་བྱས་བསྡད་ན་འཛིན་སྐྱོང་གི་ལས་ཀ་བྱེད་ཁག་པོ་ཞེ་དྲགས་ཆགས་རྒྱུའི་ཉེན་ཁ་རང་བཞིན་གྱིས་ཡོང་གི་འདུག་པས། གྲོས་ཚོགས་རྗེས་མར་དེ་ལྟར་མ་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
སྐབས་དེར་སྲིད་སྐྱོང་མཆོག་ནས་བཀའ་བློན་འོས་མི་ལྷག་མ་རྣམས་ཕྱིར་འཐེན་གནང་རྒྱུ་ཡིན་པ་ཐག་གཅོད་གནང་བའི་རྗེས། སྤྱི་འཐུས་ཚོགས་གཙོ་མཆོག་གིས། རྩ་བའི་ཆ་ནས་གྲོས་ཚོགས་ལས་རིམ་ནང་ཚོགས་གཙོས་བཅུག་ཚར་བ་སོང་ཙང་། རྒྱུན་འཁྱོངས་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཡོད་ཀྱང་། ད་རེས་གྲོས་ཚོགས་ཚོགས་དུས་ཐེངས་དང་པོ་ཡིན་ཙང་། ཚོགས་གཙོའི་ངོས་ནས་སྲིད་སྐྱོང་གི་ཐག་གཅོད་དེའི་ཐོག་ལ་འགྲོ་རྒྱུ་ཡིན་པ་གསུངས་གནང་སོང་།
ཡང་སྤྱི་ཚེས་༡༡་ཉིན་གྲོས་ཚོགས་ཚོགས་དུས་དང་པོའི་ལས་ཉིན་དང་པོའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། སྤྱི་འཐུས་ངོ་ཡོད་ཚོས་གསང་བའི་འོས་ཤོག་འཕངས་ཏེ་བྱང་ཨ་རིར་གནས་སྡོད་ནོར་འཛིན་སྒྲོལ་མ་ལགས་དང་། རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་གནས་སྡོད་ཐར་ལམ་སྒྲོལ་མ་ལགས། དེ་བཞིན་རྒྱལ་ས་ལྡི་ལིར་གནས་སྡོད་བཀའ་ཟུར་རྒྱ་རི་སྒྲོལ་མ་ལགས་བཅས་གསུམ་བཀའ་བློན་དུ་བདམས་ཐོན་བྱུང་ཡོད་པ་དང་། བདམས་ཐོན་བཀའ་བློན་ཐར་ལམ་སྒྲོལ་མ་ལགས་ཀྱིས། རང་ཉིད་ནས་ལས་ཁུར་ཞུས་པའི་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཕྲུག་ཚོའི་ཤེས་ཡོན་ཐོག་ཤུགས་གནོན་རྒྱག་རྒྱུ་ཡིན་པ་ཨེ་ཤེ་རང་དབང་རླུང་འཕྲིན་ཁང་ལ་གསུངས་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎