བལ་ཡུལ་གཞུང་གིས་གློ་བུར་བལ་ཡུལ་ནང་གི་བོད་མི་གནས་སྡོད་ས་གནས་ཁག་ལ་དམ་དྲག་དང་བོད་མི་མི་གྲངས་༡༧ཉིན་གང་བཀག་ཉར་བྱས་འདུག
དེ་ ཡང་ཟླ་༣ཚེས༢༨ཉིན་བལ་ཡུལ་གཞུང་གིས་གློ་བུར་རྒྱལ་ནང་གི་བོད་མི་གནས་སྡོད་བྱེད་ ཡུལ་ས་གནས་མཆོད་རྟེན་དང་། འཕགས་ཤིང་སོགས་གང་སར་དམག་མི་དང་དྲག་ཆས་ཉེན་རྟོག་པ་སོགས་མང་པོ་འགྲེམ་འཇོག་ བྱས་ནས་བོད་མི་ཚོའི་འགྲོ་སྡོད་སྤྱོད་གསཡམ་ལ་དམ་དྲག་བྱས་ཡོད་པ་དང་། དེའི་ཐད་ས་གནས་བོད་མི་ཞིག་གིས་བརྗོད་དོན། ཉིན་དེར་གློ་བུར་དམ་དྲག་གི་གནས་སྟངས་ཁྲོད་རྒྱལ་ས་ཀཱ་ཐ་མན་ཀྲོའུ་དང་མཉམ་དུ་ ཡོད་པའི་པཱ་ཊན་ས་ཁུལ་ནས་བོད་མི་མི་གྲངས་༥དང་། མཆོད་རྟེན་བྱ་རུང་ཁ་ཤོར་དང་བར་ཐག་ཉེ་བའི་ས་གནས་ནས་བོད་མི་དགེ་འདུན་པ་དང་ བཙུན་མ་སོགས་མི་གྲངས་༡༢་བཅས་བསྡོམས་པས་ཉིན་དེར་བོད་མི་མི་གྲངས་༡༧དོན་མེད་འཇུ་བཟུང་གིས་ཉིན་གང་ལ་བཀག་ཉར་འདྲི་བརྩད་བྱས་རྗེས་བོད་མི་ཁོང་ཚོ་ཉིན་དེའོ་ དགོང་དྲོའི་ཆུ་ཚོད་༦པ་ཙམ་གློད་བཀྲོལ་བཏང་འདུག
དེའི་ཐད་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་འབྲེལ་ཡོད་ནས་འདི་གར་བརྗོད་དོན། ཟླ་༣ཚེས༢༨ཉིན་ནི་རྒྱ་ནག་གིས་སྤྱི་ལོ༢༠༠༨ལོ་ནས་འགོ་བཙུགས་པའི་བོད་ཀྱི་ཞིང་ བྲན་ཁྲི་ཚོ་བརྒྱ་བཅིངས་གྲོལ་བཏང་ནས་མི་ལོ་༥༥འཁོར་བའི་དུས་དྲན་ཡིན་པར་བརྟེན་བལ་ཡུལ་གཞུང་གིས་དམ་དྲག་བྱས་བ་ཡིན་པ་དང་། ཉིན་དེར་བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་ཕྱོགས་བཞིའི་གཞུང་ལམ་བཀག་ ནས་བལ་ཡུལ་ཉེན་རྟོག་པས་སྐོར་སྲུང་བྱས་བསྡད་ཡོད་པ་ངོ་སྤྲོད་བྱས་བྱུང་།
བལ་ཡུལ་རྒྱལ་ནང་དུ་བོད་མི་སྐྱབས་བཅོལ་བ་མི་གྲངས་ཁྲི་གཉིས་ཙམ་ཡོད་པ་དང་། ཟླ༤བའི་ཚེས༡ཉིན་HRWའམ་ ཨ་མི་རི་ཀའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་བལ་ཡུལ་ནང་གི་བོདམི་ སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་སྙན་ཐོ་གསར་བ་ཞིག་བཏོན་ནས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། བལ་ཡུལ་གཞུང་ལ་རྒྱ་ནག་གི་གནོན་ཤུགས་རྐྱེན་པས་བལ་ཡུལ་ནང་གི་བོད་མི་ཚོ་གང་བྱུང་དོ་དམ་བཀག་ཉར་དང་། ཉེས་རྡུང་། བོད་མི་བྲོས་བྱོལ་བ་བཙན་ཤེད་འཇུ་བཟུང་དང་། རྒྱ་ནག་ལ་རྩིས་སྤྲོད་སོགས་ཀྱི་ཉེན་ཁ་དང་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་སྐོར་གསལ་འདོན་གནང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།
བལ་ཡུལ་ནང་གི་བོད་མིར་གློ་བུར་དམ་དྲག་དང་བོད་མི་བཀག་ཉར།
